གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཉམ་རུབ་ཚོགས་པ་གིས་ དངུལ་རྐྱང་དང་ ཕུན་སུམ་ཚོགས་པ་གིས་ བཞེས་སྒོ་བྱིན་པའི་ཁ་ཉེས།

༡༨/༠༥/༢༠༡༣  ༉ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་ཡོད་མི་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཀྱིས་ བཀྲིས་སྒང་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་ཚུ་ སེམས་དགའ་བཅུག་ནིའི་དོན་ལས་ དངུལ་རྐྱང་དང་ བཞེས་སྒོ་ཚུ་ བྱིན་ཡོད་པའི་ ཁ་ཉེས་བཀལ་ཏེ་ཡོདཔ་ཨིན་པས།


དེ་ཡང་ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ ར་ལྡི་རྒེད་འོག་ གཙང་མཁར་ལུ་ ཚོགས་པའི་འཛོམས་འདུ་རྐྱབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ བསམ་མཁར་རྒེད་འོག་ལས་ གྲོང་གསེབ་མི་སེར་༡༧ ལུ་ དངུལ་རྐྱང་༥༠༠ ལས་༡༠༠༠ གི་བར་ན་ སྤྲོད་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ད་ ར་ལྡིའི་གྲོས་འཛོམས་ནང་ འདེམས་ཁོངས་གསུམ་གྱི་མི་ཚུ་ འབོ་ཡོདཔ་ཨིན་པས།
དེ་མ་ཚད་ ཚོགས་པ་དེ་གིས་ ཉིནམ་དེ་ལུ་ འགོ་འདྲེན་འཐབ་མི་ འཛོམས་འདུའི་ནང་འོང་མི་ བཀང་ལུང་དང་ གཡང་གཉེར་རྒེད་འོག་༢ ཀྱི་ མི་སེར་དག་པ་ཅིག་ལུ་ དངུལ་རྐྱང་སྤྲོད་ཡོད་པའི་ ཁ་ཉེས་ཡང་ བཀལ་ཡོདཔ་ཨིན་པས།
བསམ་མཁར་ལས་ འཛོམས་འདུ་ནང་ བཅའ་མར་གཏོགས་པར་འགྱོ་མི་ ང་བཅས་རེ་རེ་བཞིན་དུ་ལུ་ དངུལ་ཀྲམ་དུམ་གྲ་རེ་ བྱིན་ཡོདཔ་བཞིན་དུ་ ང་གིས་ དངུལ་ཀྲམ་༥༠༠ ཐོབ་ཅི་ཟེར་ བསམ་མཁར་གྱི་ གྲོང་གསེབ་མི་སེར་ཅིག་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
ཚོགས་པའི་ངོ་ཚབ་ཚུ་གིས་ གྲོང་གསེབ་མི་སེར་ཚུ་ལུ་ དངུལ་རྐྱང་སྤྲོད་མི་དེ་ ཁོང་གི་ སོ་ནམ་ཞིང་ལཱའི་ དུས་ཚོད་ནང་ ལཱ་ལྟོ་ཆག་པའི་ རྒུད་བསུབ་ཐབས་ལུ་ཨིནམ་མ་ཚད་ ཁོང་གི་ འགྲུལ་འཕྲིན་ཚུ་གི་ བཱའུ་ཅར་བསྐྱར་གསོ་དང་ འགྲོ་འགྲུལ་འབད་བའི་གླ་ཆ་ དེ་ལས་ བཞེས་སྒོའི་དོན་ལུ་ ལག་ལེན་འཐབ་དགོཔ་སྦེ་ སླབ་དེས་ཟེར་ གཡུས་མི་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ ཚོགས་པ་དེ་གིས་ དངུལ་རྐྱང་བྱིན་མིའི་ དགའ་ཚོར་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ སླབ་སླབ་ག་ནི་ཡང་མེད་ཟེར་ བསམ་མཁར་གྱི་ གཡུས་མི་ཅིག་གིས་ སླབ་ཨིན་པས།
འབྲུག་གི་མི་དམངས་བཙག་འཐུའི་ མ་དངུལ་བཅའ་ཡིག་དང་ སྒྲིག་གཞི་༢༠༡༢ ཅན་མ་དང་འཁྲིལཝ་ད་ བཙག་འཐུའི་དུས་ཡུན་སྐབས་ སྲིད་དོན་ཚོགས་པ་ ཡང་ན་ འདེམས་ངོ་ཅིག་གིས་ བཅའ་ཁྲིམས་ཀྱི་ དོན་ཚན་༦༥ པའི་དགོས་མཁོ་དང་འཁྲིལ་ མི་ངོ་ ཡང་ཅིན་ ལས་སྡེ་གིས་ བཞེས་སྒོ་དང་ སྤྲོ་སྟོན་ ཞལ་འདེབས་ ཡང་ཅིན་ ཨུ་ཚུགས་ ཡང་ཅིན་ རྒྱུད་བསྐུལ་གྱི་གྲངས་སུ་ཚུད་པའི་ ཡང་ཅིན་ བཙག་འཐུ་དང་འབྲེལ་བའི་ ཁྲིམས་ལུགས་འོག་ བཀག་དམ་ཨིན་པའི་ ལས་དོན་གྱི་རིགས་ཚུ་ལུ་ གྲོགས་རམ་འབད་མི་ཆོག་ནི་ཨིན་པས།
དེ་འབདཝ་ད་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་དང་ བར་མཚམས་གཤོང་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ བསྟན་འཛིན་ལེགས་འཕེལ་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཏི་རུ་ཚུ་ བཙག་འཐུའི་བཅའ་ཡིག་དང་འཁྲིལ་ སྤྲོད་ཅི་ཟེར་ཨིན་པས།
མཉམ་རུབ་ཚོགས་པ་གིས་ གོམས་འདྲིས་དང་ ངོ་སྤྲོད་འཛོམས་འདུ་ཅིག་ འགོ་འདྲེན་འཐབ་མིའི་ནང་ ཚོགས་པའི་འཐུས་མི་དང་ ལཱ་འབད་མི་ཚུ་ འབོ་ཡོདཔ་ལས་ ཁོང་ལུ་ ཉིན་འཐུས་དང་ འགྲུལ་འཐུས་ཚུ་ སྤྲོད་ཅི་ཟེར་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་རྐྱང་དེ་ཡང་ བར་མཚམས་-གཤོང་ཕུག་འདེམས་ཁོངས་དང་ ར་ལྡི་-སག་སྟེང་ དེ་ལས་ བཀང་ལུང་-བསམ་མཁར་འདེམས་ཁོངས་ཚུ་ལས་ ཚོགས་པའི་ཐོ་བཀོད་ཅན་གྱི་ འཐུས་མི་ཚུ་དང་ ལཱ་འབད་མི་༥༠ དེ་ཅིག་ལུ་རྐྱངམ་གཅིག་ སྤྲོད་ཅི་ཟེར་ཨིན་པས།
ཨིན་རུང་ སྤྱིར་བཏང་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཁ་ཉེས་བཀལ་མི་དེ་ རྩ་ལས་ར་ མི་བདེན་ཟེར་ ཁོ་གིས་ དོགས་སེལ་འབདཝ་ཨིན་པས།
དངུལ་རྐྱང་ཐོབ་མི་ཚུ་གིས་ སླབ་མིའི་ནང་ ཁོང་ག་ཡང་ འབྲུག་མཉམ་རུབ་ཚོགས་པ་དང་ ཁོངས་གཏོགས་ཧྲིལ་བུ་མེད་ཟེར་ཨིནམ་ད་ ཁོང་གིས་ ང་བཅས་ཀྱི་ འབྲེལ་བ་འཐབ་ས་ཚུ་ ལེན་འབག་ཡོད་རུང་ ཚོགས་པ་དེ་གི་ འཐུས་མི་དང་ ཡང་ཅིན་ ཚོགས་པའི་དོན་ལུ་ ལཱ་འབད་མི་ཡང་མེན་ཟེར་ ཡེ་ནང་བྲང་ས་ལས་ གྲོང་མི་ཅིག་གིས་ སླབ་ཨིན་པས།
ད་རུང་ དངུལ་རྐྱང་ཐོབ་མི་ བསམ་མཁར་ལས་ གྲོང་མི་རྒན་ཤོས་ཅིག་གིས་ཡང་ ཚོགས་པ་དེ་དང་ འབྲེལ་མཐུན་ཡོད་པའི་ ཁ་མི་བཟེད་དོ་ཡོདཔ་ད་ ང་བཅས་ཆ་ཁྱབ་ གཙང་མཁར་ལུ་ འཛོམས་འདུ་ནང་ འབོ་ཡོདཔ་ལས་ གྲོས་འཛོམས་མཇུག་བསྡུ་སྟེ་ འགྱོ་བའི་སྐབས་ ང་ལུ་ དངུལ་ཀྲམ་༥༠༠ བྱིན་དེས་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་དང་འདྲཝ་སྦེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ཡང་ ཚོགས་པའི་གཙོ་འཛིན་ རང་འབྱུང་ལུ་བྱོནམ་ད་ སྤྱིར་བཏང་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བཞེས་སྒོ་བྱིན་པའི་སྐོར་ ཁ་ཉེས་བཀལཝ་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ བསམ་མཁར་ལས་ གྲོང་མི་དག་པ་ཅིག་ བཞེས་སྒོ་བཟའ་བར་ རང་འབྱུང་མགྲོན་ཁྱིམ་ནང་ འབོ་ཡོདཔ་ད་ གཙོ་འཛིན་དང་ ཁོ་གི་ཕྱག་ཞུ་མི་ཚུ་གི་དོན་ལུ་ གྲ་སྒྲིག་འབད་བའི་ ཉིན་ལྟོ་ལྷག་ལུས་བཟའ་བར་ཤོག་ཟེར་སླབ་ལས་ བཟའ་བར་སོང་ཡི་ཟེར་ བསམ་མཁར་ལས་ གྲོང་མི་གཞན་ཅིག་གིས་ བཤད་པའི་ཁར་ དེ་བསྒང་ ལྟོ་བཟའ་མི་ ལེ་ཤ་འོང་ཡི་ཟེར་ སླབ་ཨིན་པས།
ད་རུང་ དེ་ཚེ་ཕྱི་རུ་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཅིག་གིས་ བཀྲིས་སྒང་ལུ་ གཙོ་འཛིན་གྱི་ གསལ་བཤད་ཉན་པར་འོང་མི་ སྤྱིར་བཏང་ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཁོ་རའི་བཟའ་ཁང་ནང་ བཞེས་སྒོ་བྱིན་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ད་ ཁོང་གིས་ ལྟོ་བཟའ་བར་ཤོག་ཟེར་ སླབ་བཞིན་དུ་ ང་བཅས་ཡང་ ཐག་རིང་ས་ལས་འོང་ནི་དེ་གིས་ ལྟོཝ་བཀྱེས་ནི་དེ་གིས་ བཞེས་སྒོ་བཟའ་ཡི་ཟེར་ གྲོང་མི་ཅིག་གིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཞེས་སྒོ་སྟོང་པར་སྦེ་ བྱིན་ནི་དེ་གིས་ མི་ཟ་ཁང་གང་ཡོདཔ་མ་ཚད་ ཆང་བི་ཡར་དེ་ཚུ་ཡང་ འདུག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ མགོན་པོ་གིས་ སླབ་མིའི་ནང་ རང་འབྱུང་ལུ་ མི་ཚུ་ བཞེས་སྒོ་བཟའ་བར་འོང་མི་དེ་ བདེན་ཟེར་ཨིནམ་ད་ བཞེས་སྒོའི་དོན་ལུ་ གྱལ་ཁར་སྡོད་མི་ཅིག་ལུ་ བཞེས་སྒོ་མི་འཐོབ་ཟེར་ ག་དེ་སྦེ་ སླབ་ནུམ་ནི་སྨོ་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་འབདཝ་ད་ བཀྲིས་སྒང་ལུ་ ཚོགས་པའི་འཐུས་མི་ཅིག་གིས་ ཁོ་རའི་ ཟ་ཁང་ནང་ བཞེས་སྒོ་སྒྲིག་ཡོད་པའི་སྐོར་ ཧ་མ་གོ་ཟེར་ མགོན་པོ་གིས་ སླབ་ཨིན་པས།
བཀྲིས་སྒང་གི་བཙག་འཐུ་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཐོ་བཀོད་འབད་མི་ སྲིད་ཚོགས་ཀྱི་ འཐུས་མི་ཚུ་དང་ ཚོགས་པའི་ལཱ་འབད་མི་ཚུ་མ་གཏོགས་ སྲིད་དོན་ཚོགས་པ་ཚུ་གིས་ སྤྱིར་བཏང་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དངུལ་རྐྱང་དང་ བཞེས་སྒོའི་རིགས་ བྱིན་མི་ཆོག་ཟེར་ཨིན་པས།
སྲིད་ཚོགས་ཚུ་གིས་ ཚོགས་པའི་ལཱ་འབད་མི་ཚུ་ལུ་ ཉིན་འཐུས་སྤྲོད་ཆོགཔ་ཨིན་རུང་ ཐོ་བཀོད་ཅན་གྱི་ འཐུས་མི་ཚུ་ འདེམས་ངོ་ཚུ་དང་ འབྲེལ་འཛིན་ཧྲིལ་བུ་འབད་ན་མ་གཏོགས་ དེ་མིན་ ཉིན་འཐུས་སྤྲོད་མི་ཆོག་ཟེར་ བཙག་འཐུ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤུ་ན་ཁ་དང་ བུམ་ཐང་ལུ་ཡང་ བཞེས་སྒོ་བྱིན་པའི་ ཁ་ཉེས་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment