གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པ་ཅིག་ལུ་ ཏམ་ཁུ་དང་འབྲེལ་བའི་ ཉེས་བཤེར་འབད་ཐབས་མེདཔ།

༩/༥/༢༠༡༣   ༉ ཟླཝ་ཧེ་མའི་ནང་ ཕུན་ཚོགས་གླིང་གི་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གནས་གོང་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་གི་ ཏམ་ཁུའི་ཐོན་སྐྱེད་ནང་འདྲེན་འབད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་འབད་ཡོད་རུང་ ཉེས་དོགས་པ་གིས་ ཏམ་ཁུའི་བཅའ་ཁྲིམས་ལས་ འགལ་འགལཝ་མིན་འདུག་ཟེར་ བདེན་ཁུངས་གསལ་བཀོད་འབད་ཐོག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་མ་བཏུབ་ཨིན་པས།


དེ་ཡང་ བདུན་ཕྲག་ཧེ་མའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་སེམས་ཁམས་འཁྲུགས་རྫས་དམ་འཛིན་ལས་སྡེ་ལུ་ ཡི་གུ་བསྐྱལ་མིའི་ནང་ མ་གཞི་ དོགས་པ་ཅན་དེ་གིས་ བཀག་དམ་ཅན་གྱི་ ཏམ་ཁུའི་ཐོན་སྐྱེད་ཚུ་ ས་མཚམས་ནང་ན་ འབག་འོང་ནི་གི་ དམིགས་གཏད་བསྐྱེད་ཡོད་རུང་ ནང་ན་འབག་འོང་མ་ཚུགསཔ་ལས་ར་ འཛིན་བཟུང་འབད་དཔ་ལས་ དོགས་པ་ཅན་ལུ་ ཉེས་བཤེར་འབད་ཐབས་མེད་མི་ལུ་བརྟེན་ དོ་དམ་འོག་ལས་ དེ་འཕྲོ་ལས་ བཏང་དགོཔ་སྦེ་བཀོད་ནུག།
ཁྲིམས་སྲུང་འགག་པ་དང་ ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཡི་གུ་བསྐྱལ་མི་དེ་ཡང་ བཀག་དམ་ཅན་གྱི་ ཐོན་སྐྱེད་ཚུ་ རྒྱ་འབྲུག་གི་ ས་མཚམས་སྦོ་ལོགས་ཁར་ བདག་དབང་མེད་པའི་ ས་ཁོངས་ནང་ལས་ ཐོབ་མི་ལུ་བརྟེན་ དོགས་པ་ཅན་གྱིས་ ཏམ་ཁུའི་བཅའ་ཁྲིམས་ལས་ མ་འགལ་བས་ཟེར་ བཀོད་ཡོདཔ་ད་ ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལཝ་ད་ མི་གང་རུང་ཅིག་གིས་ བཀག་དམ་ཅན་གྱི་ ཅ་ཆས་ཚུ་ ཅ་དམ་ལུ་ གསལ་སྟོན་མ་འབད་བར་ འབྲུག་རྒྱལ་ཁབ་ནང་ འབག་འོང་པ་ཅིན་ ཉེས་པ་འཁྲིཝ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུ་ཁ་བཀྲིས་དགའ་ཚལ་སློབ་སྦྱོང་ལྟེ་བ་ལས་ཨིན་མི་ དོགས་ཅན་ཁྲིམས་སྲུང་འགག་པ་གིས་ རྒྱ་འབྲུག་གི་ ས་མཚམས་བར་ན་ཡོད་མི་ གི་རིཕ་འགོ་དཔོན་ཚུ་སྡོད་སའི་ སྒོ་རའི་སྦོ་ལོགས་ཁར་ ཏམ་ཁུའི་ཐོན་སྐྱེད་ཚུ་ གི་རིཕ་དཀྱུས་མ་ཅིག་ལུ་ བཅོལ་བཞག་པའི་སྐབས་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་པ་ཅན་གྱིས་ དཀྱུས་མ་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ གི་རིཕ་སྣུམ་འཁོར་ནང་ བསྐྱལ་ནིའི་དོན་ལུ་ ཁོ་དང་གཅིག་ཁར་ བཞག་ཡོདཔ་སྦེ་ ཁ་བཟེད་ཅི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་པའི་ཁར་ ཁོ་གིས་ དཀྱུས་མ་ལུ་ ཤུལ་ལས་ ཏི་རུ་སྤྲོད་ནི་སྦེ་ ཁས་ལེན་ཡང་འབད་ནུག་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ དོགས་པ་ཅན་དེ་ འཛིན་བཟུང་འབདཝ་ད་ བཀག་དམ་ཅན་གྱི་ ཐོན་སྐྱེད་ཚུ་ རྒྱ་གར་གྱི་ ས་མཚམས་ཁར་ཡོད་མི་ སྒོ་རའི་ནང་ན་ཡོད་པའི་ མཐོང་གསལ་བྱུག་ཡོདཔ་ད་ ང་བཅས་ཀྱིས་ ཁྲིམས་སྲུང་དམག་མི་འཛིན་བཟུང་འབད་དགོ་མི་དེ་ ཁོ་གི་དམིགས་གཏད་ལུ་ གཞི་བཞག་སྟེ་ཨིན་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ དོགས་པ་ཅན་དེ་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ སྤྱི་ཟླ་༣ པའི་ནང་ ཕུན་ཚོགས་གླིང་རབ་བརྟན་སྣུམ་འཁོར་བཅོ་ཁང་གི་ སྦོ་ལོགས་ཁ་ལས་ བཟུང་ཡི་ཟེར་ཨིན་པས།
དེ་བསྒང་ དོགས་པ་ཅན་གྱི་ སྣུམ་འཁོར་ནང་ ཞིབ་དཔྱད་རྐྱབ་ད་ ཁོང་གིས་ ག་ཅི་ཡང་ མ་ཐོབ་ལས་ ཞིབ་དཔྱད་འགོ་དཔོན་གྱིས་ ཁོ་ལུ་ བཟོད་གསོལ་འབད་གནང་ཟེར་ སླབ་དགོཔ་ཐོན་སོ་ཡི་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ད་ དོགས་ཅན་དེ་ དུས་ཡུན་སྐར་མ་དག་པ་ཅིག་གི་རྒྱབ་ལས་ ལོག་འོང་སྟེ་ ཇའི་སྒང་ལུ་ ལོག་འགྱོ་དགོ་པས་ཟེར་ སླབ་པའི་ཁར་ སྒོ་ར་ཁ་ཕྱི་ནང་ལུ་ ཕར་ཚུར་འགྱོ་ཡི་ར་ སྡོད་ནི་དེ་གིས་ དོགས་པ་ཆགས་ཏེ་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ བརྡ་བརྒྱུད་མགྲིན་ཚབ་ཀྱིས་ སླབ་མིའི་ནང་ དོགས་པ་ཅན་དེ་ དྲི་དཔྱད་འབད་ནིའི་དོན་ལུ་ ཐིམ་ཕུ་ལུ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་ཁང་ནང་ བཞག་ཡོད་ཟེར་ཨིནམ་ད་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་མི་ དོགས་པ་ཅན་ལུ་ དྲི་ཞིབ་འབད་དེ་ ཁྲིམས་སྲུང་འགག་སྡེའི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལས་འགལ་བའི་ བདག་སྐྱོང་ནང་འབྲེལ་བའི་ ངོས་ལེན་འབད་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment