གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་ལུ་ བསྐུལ་བསྒྲགས་ཀྱི་ལས་རིམ་ འགོ་བཙུགས་ཡོདཔ།

༡༥/༠༥/༢༠༡༣  ༉ ཁ་ཙ་ལས་འགོ་བཙུགས་ བཀྲིས་སྒང་རྫོང་ཁག་ནང་ བསྐུལ་བསྒྲགས་ཀྱི་ལས་རིམ་ཚུ་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ནང་ལས་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།
བསྐུལ་བསྒྲགས་དེ་ཡང་ རྫོང་ཐུང་ལྷ་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ མུག་ཏང་མཁར་དང་ རྫོང་ཐུང་སྤྱི་འོག་ཚུ་ལས་ མི་གྲངས་༦༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།


ཨུ་མཛོ་རོང་ལུ་ མི་འགྱུར་རྡོ་རྗེ་གིས་ ཁོ་གི་ཚབ་སྦེ་ཐོན་མི་ 
འདེམས་ངོ་འཕྲིན་ལས་རྡོ་རྗེ་གི་ ངོ་སྤྲོད་འབད་བའི་བསྒང་།

ལས་རིམ་དེ་ཡང་ དྲོ་པའི་ཆུ་ཚོད་༡༠:༡༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྲིད་ཚོགས་ག་ར་གི་ འདེམས་ངོ་ཚུ་ལུ་ གསལ་བཤད་འབད་ནིའི་དུས་ཡུན་ སྐར་མ་༣༠ རེ་ བྱིན་ཡོདཔ་ཨིན་པས།
གསལ་བཤད་དང་པ་དེ་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ པདྨ་དབྱངས་འཛོམས་ཀྱིས་འབད་ཡོདཔ་ད་ མོ་གིས་ མོ་ར་དང་ གཙོ་འཛིན་གྱི་ངོ་སྤྲོད་ཚུ་ འབད་བའི་ཤུལ་ལུ་ འབྲུག་སྤྱིར་དབང་ཚོགས་པ་དེ་ ཉམ་ཆུང་གི་ ཚོགས་པ་ཅིག་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་སྤྱིར་དབང་ཚོགས་པ་དེ་ འབྲུག་མི་ག་ར་གི་ རེ་འདོད་འགྲུབ་ནི་ལུ་དམིགས་ཏེ་ མི་སེར་ཉམ་ཆུང་ཚུ་གིས་བཟོ་བའི་ ཚོགས་པ་ཅིག་འབདཝ་ལས་ ས་གནས་ཀྱི་མི་སེར་ཚུ་གི་ དཀའ་ངལ་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ཟེར་ཨིན་པས།
མོ་ར་ བཙག་འཐུ་ནང་ འགོ་དང་པ་ གྲལ་གཏོགས་འབད་མི་དང་འཁྲིལ་ མགུ་འཐོམ་བྱུང་དོ་ཡོདཔ་ཨིན་རུང་ ད་རེས་ མི་སེར་ཚུ་དང་ཕྱད་ནིའི་ གོ་སྐབས་བཟང་པོ་ཅིག་ཨིན་མས་ཟེར་ སླབ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་ལེགས་འཕེལ་གྱིས་ འབྲུག་ལུ་ དམངས་གཙོའི་རིང་ལུགས་དེ་ གསརཔ་ཅིག་འབདཝ་ལས་ འོས་ལྡན་གྱི་གཞུང་ བཙག་འཐུ་འབད་དགོཔ་དེ་ ཁག་ཆེཝ་ཨིན་རུང་ མི་སེར་ཚུ་གིས་ དམངས་གཙོའི་གཞུང་ཟེར་མི་དེ་ར་ ག་ཅི་བཟུམ་ཅིག་ལུ་ སླབ་ཨིན་ན་ ཧ་མི་གོ་དོ་ཡོདཔ་ལས་ ཉེན་ཁ་ཡོད་ཟེར་ཨིན་པས།
ད་རེས་ འབྲུག་མཉམ་རུབ་ཚོགས་པ་ ཐོན་དགོ་མི་དེ་ཡང་ སྲིད་ཚོགས་ཀྱི་ ཁས་བླངས་དང་འཁྲིལ་ མི་དག་པ་ཅིག་གི་ལགཔ་ལས་ དབང་ཚད་ཚུ་ མི་སེར་ཉམ་ཆུང་ཚུ་ལུ་ སྤྲོད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དབང་འདུས་ནོར་བུ་གིས་ མ་གཞི་ ཁོ་ར་གིས་སླབ་དགོཔ་ཚུ་ ག་ར་སླབ་ཚར་ཡོདཔ་ཨིན་རུང་ གསལ་བཤད་ཀྱི་དུས་ཚོད་དེ་ དུམ་གྲ་ཅིག་གིས་ ཐུང་སོཔ་སྦེ་ མཐོང་ཡོད་པའི་ཚོར་སྣང་ཚུ་ བཤདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༨ ཀྱི་ ཚོགས་པའི་ཁས་བླངས་ཚུ་གི་སྐོར་ལས་ མདོར་བསྡུས་ཅིག་སྦེ་ སླབ་པའི་ཤུལ་ལུ་ འདས་པའི་གཞུང་སྐྱོང་སྐབས་ཀྱི་ གྲུབ་འབྲས་ཚུ་གི་སྐོར་ལས་ཡང་སླབ་སྟེ་ ད་ལས་ཕར་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ རང་དབང་ཚུ་ རྩ་བརྟན་བཟོ་ནིའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཕྲིན་ལས་ནོར་བུ་གིས་ ཁོ་ར་ གསལ་བཤད་འབད་མི་ མཇུག་ཕོག་མི་ལུ་ སེམས་མ་དགའ་བའི་ ཚོར་སྣང་བསྐྱེད་ཡོདཔ་ད་ ཁོ་གིས་ གསལ་བཤད་འགོ་བཙུགས་པའི་སྐབས་ མི་སེར་ཚུ་ དབངཔོ་ངལ་ཏེ་ སྐད་དུམ་གྲ་རེ་ཡང་རྐྱབ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ མི་སེར་ཚུ་ དབང་ཚད་ཅན་བཟོ་ནིའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ མི་སེར་ཚུ་གིས་ རྒེད་འོག་དང་ ཁྲོམ་སྡེ་ དེ་ལས་ རྫོང་ཁག་གནས་ཚད་ཚུ་གི་ འཆར་གཞིའི་ལཱ་ཚུ་ནང་ གྲལ་གཏོགས་འབད་དགོ་པའི་ ཁ་བཀོད་བྱིན་ཡོདཔ་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་གིས་ གནས་རིམ་དེ་ཚུ་ནང་གི་ འཆར་གཞི་བརྩམ་ནིའི་ནང་ གྲལ་གཏོགས་མ་འབད་བ་ཅིན་ གོང་འཕེལ་གྱི་ལཱ་ཚུ་ ཕན་ཁྱད་ཅན་སྦེ་ འབད་མི་ཚུགས་ཟེར་ འཕྲིན་ལས་ནོར་བུ་གིས་ སླབ་ཡོདཔ་ཨིན་པས།
ཨིན་རུང་ ཁོ་གི་གསལ་བཤད་ལུ་ མི་སེར་ཚུ་ལས་ ངོས་ལེན་ལེགས་ཤོམ་ བྱུང་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ད་རིས་ བར་མཚམས་- གཤོང་ཕུག་འདེམས་ཁོངས་ཀྱི་དོན་ལུ་ གྲོས་འཛོམས་ཐེངས་༢ པ་དེ་ བར་མཚམས་རྒེད་འོག་ལྟེ་བའི་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment