གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་དངུལ་མེད་པར་ ཁྱིམ་ཐོག་ བཀབ་མ་ཚུགས་པར་ཡོདཔ།

༡༢/༩/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་ཁར་ སྒྲིང་ཁྱིམ་ཚུ་ ཁྱིམ་ཐོག་བཀབ་ནི་གི་ ཞག་དུས་བྱིན་མི་དེ་ དུས་ཡུན་ཟླཝ་༦ གི་ནང་འཁོད་ལུ་ ཚང་ནི་ཨིན་རུང་ ད་ལྟོ་ སྒྲིང་ཁྱིམ་གྱི་ ཇོ་བདག་ལེ་ཤ་ཅིག་གིས་ར་ ལཱ་འགོ་མ་བཙུགས་པར་ཡོདཔ་ཨིན་པས།


འདས་པའི་ཟླཝ་ནང་ ཁྲོམ་སྡེའི་ཞལ་འཛོམས་འཚོགས་པའི་སྐབས་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཁྲོམ་སྡེ་ནང་ སྡོད་ཁྱིམ་ལངམ་མེད་པའི་ དཀའ་ངལ་བསལ་ནིའི་ ཕན་ཐབས་ལུ་ ཁྱིམ་ཐོག་མ་བཀབ་པའི་ཧེ་མར་ ཤམ་བར་བཟོ་དགོ་པས་ཟེར་ ཞུ་བ་འབད་མི་ ཁྱིམ་གྱི་ཇོ་བདག་དག་པ་ཅིག་ ཁོ་འབད་སར་ ལྷོད་ཅི་ཟེར་ཨིན་པས།
ཨིན་རུང་ ད་ཚུན་གྱི་བར་ན་ ཁྱིམ་ཐོག་བཀབ་མི་དང་ ཡང་ཅིན་ ཤམ་བར་བཟོ་མི་ ཁྱིམ་གྱི་ཇོ་བདག་ཕུད་རྡོག་གཅིག་ཡང་ མ་ཐོན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ རྩི་སའི་སྒྲིང་ཁྱིམ་དང་ སྒྲིང་ཁྱིམ་མེན་པའི་ ཁྱིམ་བསྡོམས་༢༧༧ ཡོད་མི་ལས་༤༥ ལྷགཔ་ཅིག་ལུ་ ཁྱིམ་ཏོག་མེདཔ་སྦེ་རྐྱབ་ཡོདཔ་ཨིན་པས།
དེ་མ་ཚད་ རང་ལུགས་ཀྱི་ ཚོན་རིས་མེད་མི་ སྒྲིང་ཁྱིམ་༨༥ དེ་ཅིག་ཡོད་མི་དེ་ཡང་ ཚོན་བཏང་དགོཔ་སྦེ་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ ཨུ་ཚུགས་རྐྱབ་དོ་ཡོདཔ་ཨིན་པས།
ཁྲོམ་སྡེའི་ནང་ སྡོད་མི་ཚུ་གིས་འབད་བ་ཅིན་ ཁྱིམ་ཐོག་བཀབ་མ་ཚུགས་མི་དེ་ གཙོ་བོ་ར་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ཐོབ་པའི་ དཀའ་ངལ་ཐོན་པའི་ཤུལ་ལུ་ དངུལ་འབྲེལ་ལས་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་ནི་ མཚམས་འཇོག་འབད་མི་ལུ་བརྟེན་ མ་དངུལ་མེད་པར་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
ང་བཅས་ཀྱི་ སྒྲིང་ཁྱིམ་ཚུ་གུ་ ཨིན་ཅི་མིན་ཅི་ ཁྱིམ་ཐོག་བཀབ་དགོཔ་ཨིནམ་ ཤེས་རྟོགས་བྱུང་ཡོད་རུང་ དུས་ཚོད་དུམ་གྲ་ཅིག་ འགོར་ནི་མས་ཟེར་ ཁྲོམ་སྡེའི་འཐུས་མི་ ཨྱོན་རྡོ་རྗེ་གིས་ སླབ་ཨིན་པས།
ཁྲོམ་ཁར་ ཁྱིམ་བཟོ་བཀོད་ལས་སྡེ་ཅིག་མེད་མི་ལུ་བརྟེན་ ཁོང་གི་ སྒྲིང་ཁྱིམ་དང་མཐུན་པའི་ ཁྱིམ་ཐོག་གི་ པར་རིས་གྲ་སྒྲིག་འབད་མི་མེད་པའི་ དཀའ་ངལ་ཡང་འདུག་ཟེར་ ཁྱིམ་གྱི་ཇོ་བདག་ཚུ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་འབད་བ་ཅིན་ རུ་པིའི་དཀའ་ངལ་མ་ཐོན་པའི་ཧེ་མ་ལས་ར་ ཁྱིམ་ཐོག་བཀབ་དགོ་པའི་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་འབད་བ་ཅིན་ སྒྲིང་ཁྱིམ་ཚུ་ལུ་ ཤམ་བར་དང་ རང་ལུགས་ཀྱི་ ཚོན་མ་བཏང་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་དེ་ རྒྱ་གར་གྱི་ཁྲོམ་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ མཐོང་གསལ་བྱུངམ་མས་ཟེར་ཨིན་པས།
སྐྱིན་འགྲུལ་མ་ཐོབ་མི་ལུ་བརྟེན་ ཁྱིམ་ཐོག་བཀབ་མ་ཚུགས་པའི་ དཀའ་ངལ་བྱུང་པ་ཅིན་ སྐྱིན་འགྲུལ་ལོག་བྱིན་ནི་ འགོ་མ་བཙུགས་ཚུན་ཚོད་ བསྒུག་དགོཔ་འོང་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ད་རུང་ ཁྲོམ་སྡེ་ཀ་པའི་གྲངས་སུ་ཚུད་མི་ བདེ་བ་ཐང་ཁྲོམ་ནང་ཡོད་མི་ སྒྲིང་ཁྱིམ་ཚུ་ཡང་ ཁྱིམ་ཐོག་བཀབ་དགོཔ་སྦེ་ གྲོས་ཐག་བཅད་ཡོདཔ་ད་ ཁྲོམ་དེ་ནང་ ཁྱིམ་ཐོག་མེད་མི་ སྒྲིང་ཁྱིམ་༦ དང་ རང་ལུགས་ཀྱི་ ཚོན་རིས་མེད་མི་ ཁྱིམ་༡༠ དེ་ལས་ ཁྱིམ་ཐོག་དང་ ཚོན་རིས་གཉིས་ཆ་ར་མེད་མི་ ཁྱིམ་༤ ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment