གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུམོ་༢ ཐབས་རྡུགས་ཀྱི་གནས་སྟངས་ཐོག་ལུ་ དཔེ་ཆ་ལྷབ་དོ་ཡོདཔ།

༡༠/༩/༢༠༡༢   ༉ ད་རེས་ནངས་པ་ རྒྱལ་ས་ཐིམ་ཕུའི་ མཐོང་སྣང་དེ་ ཉིན་མ་འབད་རུང་ ཧོ་ལྡེམ་ལྡེམ་སྦེ་ སྔོ་ལྗང་ཅན་དང་ ཕྱི་རུ་ཡང་ གློག་མེའི་བཀྱག་མདངས་སྣ་ཚོགས་ཀྱིས་སྦེ་ ག་ནི་བ་མཛེས་ཆ་ལྡན་པའི་ སྐྱིད་པའི་ཉམས་དང་ ལྡན་ཏོག་ཏོ་སྦེ་ཡོདཔ་ཨིན་རུང་ ནང་འཁོད་ལུ་ རང་སོའི་སྔོན་གྱི་ལས་དང་ འཕྲལ་གྱི་རྐྱེན་ལུ་བརྟེན་པའི་ དཀའ་སྡུག་འདྲ་མིན་སྣ་ཚོགས་མྱོང་མི་ ལེ་ཤ་ར་ཡོདཔ་ཨིན་པས།
དཀའ་སྡུག་ཅན་གྱི་ངང་ལུ་སྡོད་མི་སློབ་ཕྲུག་བུམོ་གཉིས།


ལྕང་འབངས་འབྲུ་སློབ་གྲྭ་ཆུང་བའི་སློབ་རིམ་༥ པའི་ནང་ སྐྱེས་ལོ་༡༡ ལང་མི་བུམོ་ ཕུར་པ་དབང་མོ་གིས་ ཕྱི་རུ་ཨ་རྟག་ར་ དཔེ་ཆ་ལུ་བརྩོན་འགྲུས་བསྐྱེད་དེ་ ལྷབ་ས་མཐོང་གསལ་བྱུང་པའི་ཁར་ མོ་གིས་ དེ་སྦེ་ ཕྱི་རུ་དཔེ་ཆ་ལྷབ་པའི་སྐབས་ ཁྱིམ་ནང་གཉིད་ལོག་དོ་ཡོདཔ་ལས་ ཕྱི་ཁ་ལས་ཕར་ སྡོད་དེ་ལྷབ་ཨིན་པས།
ཕུར་པ་དེ་ མོ་རའི་ནུམོ་གཅིག་ཡོད་མི་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ ཁོང་གཉིས་ ཁྱིམ་ནང་ མང་ཤོས་ཅིག་ར་ ཁོང་ར་༢ རྐྱངམ་གཅིག་སྦེ་སྡོད་དགོ་མི་ དེ་ཡང་ མོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཨའི་གིས་ ཁོང་གཉིས་ཆུང་ཀུའི་བསྒང་ལས་ར་ བཀོག་བཞག་སོང་ཡོདཔ་ལས་ ཨའི་དེ་ ག་བཟུམ་ཅིག་ཡོདཔ་ཨིན་ན་ར་མི་ཤེས་པས་ཟེར་ཨིན་པས།
ཨ་པ་འདིནི་ ཁོང་གི་འཚོ་ཐབས་ཀྱི་དོན་ལུ་ ཕྱི་ཁ་ལས་ཕར་ ལཱ་འབད་བར་འགྱོ་དགོ་ནི་དེ་གིས་ ཁྱིམ་ནང་ བརྒྱ་ལམ་ལས་བརྒལ་ལྷོད་ནི་མེད་པའི་ཁར་ གལ་སྲིད་ལྷོད་དེ་འབད་རུང་ ཞག་ཡང་སྡོད་ནི་གི་གོ་སྐབས་མེད་པར་ ད་རུང་ལོག་སྟེ་ ལཱ་སར་འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོང་༢ ཁང་མིག་ཆུང་ཀུ་ཅིག་ནང་ སྡོད་པའི་ཁར་ ཁོང་རའི་ ཅ་ལ་དུམ་གྲ་ཅིག་ཡོད་མི་ཚུ་ ཧིང་བསངས་ས་སྦེ་བཞག་པའི་ཟུར་ཁ་ སྒྱིད་ཁུག་ཅིག་ནང་ ཉལ་ཁྲི་གཅིག་བཙུགས་ཡོད་མི་གུ་ ཉལ་དོ་ཡོདཔ་ད་ ཁོང་༢ ཀྱི་སློབ་གྲྭ་ནང་ དཔེ་ཆ་བཙུགས་འབག་མི་ བེག་ར་རྡུག་སི་སི་སྦེ་ཡོད་མི་དེ་ དཔྱངས་བཞག་སར་མཐོངམ་ཨིན་པས།
ཁྱིམ་ནང་སྐྱིད་སྡུག་དེ་སྦེ་ཡོད་རུང་ སྤུན་ཆ་༢ ཀྱིས་ གཅིག་གིས་གཅིག་ལུ་ བརྩེ་གདུང་ཆེ་ཏོག་ཏོ་སྦེ་ དགའ་བའི་འཛུམ་མདངས་དང་བཅསཔ་སྦེ་ སྡོད་སར་མཐོང་པའི་ཁར་ ཕུར་པ་དབང་མོ་གིས་ སླབ་མིའི་ནང་ མོ་གི་ནུམོ་དེ་ དཔེ་ཆ་ལྷབ་ནི་བ་ ཆ་རོགས་ཚུ་དང་གཅིག་ཁར་ བརྩེདམོ་རྩེ་ནི་ལུ་ དགའཝ་མས་ཟེར་ཨིན་པས།
ཨིན་རུང་ ཁོང་༢ ཆ་ར་གིས་ ལོ་ཕྱེད་ཀྱི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་བྱུང་ཚུགས་ཡོདཔ་ལས་ ཁོང་གི་ཨ་པ་ཡང་ སེམས་དགའ་ནུག་ཟེར་ཨིན་པས།
ཁོང་ སྤུན་ཆ་༢ སྡོད་སའི་ཁྱིམ་གྱི་ ཇོ་བདག་བསོད་ནམས་ཀྱིས་སླབ་མིའི་ནང་ སྤུན་ཆ་༢ མོ་གི་ཁྱིམ་ནང་སྡོད་དེ་ ཟླཝ་༣ དེ་ཅིག་སོང་ཡི་ཟེར་ཨིནམ་ད་ བུམོ་ཅུང་༢ ཀྱིས་ ཁྱིམ་ནང་ ཟ་ཆས་མ་ལང་པའི་སྐབས་སུ་དང་ ཏི་རུ་དགོཔ་རེ་ཐོནམ་ད་ མོ་ལས་བརྙ་བསྐྱི་འབད་ནི་ཡོད་ཟེར་ཨིན་པས།
དེ་མ་ཚད་ གཞན་ཁྱིམ་ཚང་དང་ ཚོང་པ་ཚུ་གིས་ཡང་ ཁོང་༢ ལུ་ ཁག་ཆེཝ་ཐོན་པའི་སྐབས་ལུ་ གྲོགས་རམ་འབད་ཡི་ཟེར་ཨིནམ་ད་ ཨ་ཞེམ་ཕུར་པ་དབང་མོ་གིས་ མོ་རའི་ནུམོ་ རྡོ་རྗེ་མོ་དེ་མ་ལྷོད་ཚུན་ཚོད་ བསྒུག་སྡོད་ཞིནམ་ལས་ བཞེས་སྒོ་མཉམ་ཅིག་སྦེ་བཟའ་བའི་ཁར་ ནུམོ་ལུ་གཅེས་སྐྱོང་ག་ཅི་དེ་ ལེགས་ཤོམ་འབདཝ་མས་ཟེར་ཨིན་པས།
ཁོང་༢ ཧེ་མ་ ཨོ་ལ་ཁ་ལུ་སྡོད་ཡོདཔ་ད་ ཞབས་བྲོ་རྐྱབ་ནི་ལུ་སྤྲོ་བ་ཅན་ཅིག་ཨིན་མི་ ཕུར་པ་གིས་ དཀའ་ངལ་གྱི་གནས་སྟངས་ཅིག་ དྲན་ཚོར་འབད་མིའི་ནང་ སློབ་གྲྭའི་ཞབས་བྲོ་རྐྱབ་ནིའི་དོན་ལུ་ དཀྱི་ར་མེ་ཏོག་ཅནམ་དགོཔ་སྦེ་སླབ་ལས་ དཀྱི་ར་མེད་པར་ ཁྱིམ་ཚང་ཅིག་ལས་ བརྙ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེ་བཟུམ་སྦེ་ སློབ་གྲྭའི་སྒྲིག་གོ་དང་ དཔེ་ཆ་ཚུ་མ་གཏོགས་ གཞན་དགོས་མཁོ་ཅན་གྱི་དོན་ལུ་ ཁྱིམ་ཚང་ཚུ་གིས་བྱིན་མི་ དོརམ་དང་ ཁེན་འཇར་༢ རེ་མ་གཏོགས་ ཁོང་གཉིས་ལུ་ ག་ནི་ཡང་མེད་ཟེར་ཨིན་པས།
སློབ་གྲྭ་ནང་ གཞན་རྩེད་རིགས་ སློབ་སྟོན་གྱི་དོན་ལུ་ དོརམ་དང་ཁེན་འཇར་སོ་སོ་སྦེ་དགོཔ་ཨིན་རུང་ ཁོང་༢ ལུ་ འབག་ནི་མེད་དེ་འབད་རུང་ ཁོང་གཉིས་ཀྱིས་ ཨ་པ་ལུ་ཡང་ དགོ་པས་ཟེར་མ་སླབ་པར་སྡོད་ཡོདཔ་ཨིན་པས།
ཁོང་༢ ཀྱི་ཨ་པ་ སྐལ་བཟང་ནོར་བུ་གིས་ བཟོ་སྐྲུན་གྱི་ལཱ་རེ་འབད་དེ་ བཟའ་ཚང་འཚོ་སྐྱོང་འཐབ་དོ་ཡོདཔ་ད་ ད་རེས་ནངས་པ་ ཁོ་གིས་ བར་སྦིས་ས་ལུ་ བཟོ་སྐྲུན་གྱི་ལཱ་ཅིག་ནང་ ལས་མི་སྦེ་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ བཟའ་ཚང་ནང་དཀའ་ངལ་དེ་ སྦོམ་ར་ཡོད་ཟེར་ཨིནམ་ད་ ཁོ་གིས་ ཨ་ལུ་བུམོ་༢ ཁྱིམ་ནང་བཞག་སྟེ་ ཐབས་ར་མེད་པར་ འཚོ་ཐབས་ཀྱི་དོན་ལུ་ལཱ་འབད་བར་ འགྱོ་དགོ་པས་ཟེར་ཨིན་པས།
ཁོ་གིས་ ཨ་ལུ་བུམོ་༢ ཀྱི་ཟད་འགྲོ་ཚུ་ག་ར་ རྩིས་རྐྱབ་ཞིནམ་ལས་ ཟླཝ་རེའི་ནང་ དངུལ་ཀྲམ་༥༠༠ རེ་ བྱིན་དོ་ཡོདཔ་ཨིན་པས།
ཁོ་གིས་ ཨ་ལུ་༢ དུས་ཅི་གི་ ལོ་འཁོར་ཆོས་རྒྱུགས་མཇུག་བསྡུ་ཞིནམ་ལས་ པདྨ་དགའ་ཚལ་ལུ་ ཁོ་རའི་གཡུས་ཁར་ ཁྱིད་འགྱོ་ནི་གི་ འཆར་གཞི་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་དེ་ ཐབས་རྡུགས་སི་སི་ཅིག་ཡོདཔ་ཨིན་རུང་ མ་འོངས་པའི་ནང་ མི་ཚེའི་གནས་སྟངས་དེ་ ལེགས་འགྱུར་ཅིག་བྱུང་ཚུགས་པའི་ རེ་བ་བསྐྱེད་དེ་སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment