གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུའི་བཅའ་ཁྲིམས་ཀྱི་ བསྐུལ་ཁྱབ་གོ་བརྡའི་ལས་རིམ།

༡༠/༩/༢༠༡༢   ༉ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ འགོ་དཔོན་ཚུ་གིས་ ཏམ་ཁུའི་བཅའ་ཁྲིམས་༢༠༡༠ ཅན་མའི་སྐོར་ ཐིམ་ཁྲོམ་གྱི་ སློབ་གྲྭ་ཁག་ཚུ་ནང་ བསྐུལ་ཁྱབ་གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ནི་ འགོ་བཙུགས་མི་དེ་གིས་ སློབ་གྲྭའི་ན་གཞོན་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་ལུ་ བསྐུལ་ཁྱབ་གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་།


འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ འགོ་དཔོན་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༦ ལུ་ ཐིམ་ཁྲོམ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་གྲས་ལས་ འགོ་དང་པ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ ན་གཞོན་སློབ་ཕྲུག་ཚུ་ལུ་ འགོ་བཙུགས་པའི་ཤུལ་ལས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ཡང་ བསྐུལ་ཁྱབ་གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཐིམ་ཕུ་ཁྲོམ་གྱི་ སློབ་གྲྭ་ཁག་གི་ ན་གཞོན་སློབ་ཕྲུག་ཚུ་གིས་ ཏམ་ཁུའི་ཐོན་སྐྱེད་དང་ སྨྱོ་རྫས་ལག་ལེན་འཐབ་མིའི་ གྱངས་ཁ་ཡར་འཕར་འགྱོ་དོ་ཡོད་པའི་སྐོར་ལས་ མི་ཚུ་གིས་ སྙན་ཞུ་བསྐྱལ་མི་དང་འཁྲིལ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་པ་ཅིན་ ཉེས་བྱ་དང་ ཉེས་ཁྲིམས་དེ་ལས་ ཏམ་ཁུའི་བཅའ་ཁྲིམས་ཀྱི་སྐོར་ལས་ བསྐུལ་ཁྱབ་གོ་བརྡ་སྤྲོད་དོ་ཟེར་ སླབ་ཨིན་པས།
དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ རྒྱལ་ས་ཐིམ་ཕུ་དེ་ མི་མང་འཛོམས་སའི་ ས་གནས་ཅིག་ཨིནམ་བཞིན་དུ་ ན་གཞོན་འདྲ་མིན་སྣ་ཚོགས་ཡོད་མི་ཚུ་མེདཔ་ཐལ་མི་ལས་  བཀག་ཐབས་དང་ལམ་སྟོན་འབད་ནི་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་མ་ཆོག་པའི་སྐོར་ལས་ ཏམ་ཁུའི་ཉེས་བྱ་དང་ཉེས་ཁྲིམས་ཚུ་ ག་ཅི་སྦེ་ བཀལཝ་ཨིན་ནའི་སྐོར་ ལས་ གོ་བརྡ་སྤྲོད་དོ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ནང་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་ ཉིན་བསྟར་བཞིན་དུ་ ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལ་ མི་སེར་ཚུ་གིས་ ལག་ལེན་འཐབ་དོ་ཡོད་མེད་ཀྱི་ བརྟག་ཞིབ་འབད་ནི་དང་ གོ་བརྡའི་ལས་རིམ་ཚུ་ སྤྲོད་ནི་ལུ་ དོ་འགྲན་བྱུང་དོ་ཡོདཔ་ལས་ སློབ་གྲྭའི་ན་གཞོན་བུཚ་དང་བུམོ་ལུ་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་ད་ ཁེ་ཕན་འབྱུང་ནི་ལུ་དམིགས་གཏད་བསྐྱེདཔ་ཨིན་པས།
ཨིན་རུང་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཏམ་ཁུའི་བཅའ་ཁྲིམས་ཀྱི་ གོ་བརྡའི་ལས་རིམ་ཚུ་ གཞུང་གི་གཙུག་སྡེ་དང་ ལས་སྡེ་ ལས་འཛིན་ སྒེར་སྡེ་ གཞུང་མིན་ལས་ཚོགས་ རྫོང་ཁག་ ས་གནས་གཞུང་ དེ་ལས་ གྲོང་གསེབ་གཡུས་སྒོའི་མི་སེར་ཚུ་ལུ་ གོ་བརྡའི་སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོད་མིའི་གྲས་ལས་ གྲོང་གསེབ་གཡུས་སྒོའི་མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ ཕན་ཐོགས་ནུག་ཟེར་ཨིན་པས།
དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་ སྐྱེས་ལོ་༡༨ འབད་མི་ ཕུན་ཚོགས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ སྦྱོང་བརྡར་ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ ཏམ་ཁུའི་བཅའ་ཁྲིམས་ག་ཅི་ཨིན་ན་ ལག་ལེན་འཐབ་ཐངས་དང་ དེ་གི་ཉེས་ཁྲིམས་ ད་ལས་ ན་གཞོན་སློབ་ཕྲུག་ཚུ་ལུ་ འགན་ཁུར་འབག་སྟེ་ ལཱ་འབད་དགོ་པའི་སྐོར་ ཤེས་ཡོན་ལེགས་ཤོམ་ཐོབ་ཡོདཔ་ལས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཐོབ་མི་ ཡོན་ཏན་དང་ཉམས་མྱོང་ཚུ་ ན་གཞོན་སློབ་ཕྲུག་དང་ ཆ་རོགས་ ཕམ་སྤུན་ཆ་ དེ་ལས་ མི་གཞན་གྱིས་ ཏམ་ཁུའི་ཐོན་སྐྱེད་ལག་ལེན་འཐབ་སར་མཐོང་རུང་ ཡོན་ཏན་དང་ ལམ་སྟོན་ དེ་ལས་ ག་དེ་སྦེ་ ཆ་རོགས་འབད་ནིའི་རེ་བ་ཡོད་ཟེར་ སླབ་ཨིན་པས།
སློབ་ཕྲུག་ནོར་བུ་ཚེ་རིང་ལེཔ་ཅ་གིས་ སླབ་མིའི་ནང་ སྦྱོང་བརྡར་ལས་རིམ་དེ་བཟུམ་ འགོ་འདྲེན་ མ་འཐབ་འདྲཝ་ཅིག་འབད་བ་ཅིན་ ཏམ་ཁུའི་བཅའ་ཁྲིམས་ཟེར་མི་དེ་ ག་ཅི་ལུ་ སླབ་ནི་ཨིན་ན་དང་ བཅའ་ཁྲིམས་དེ་ལས་འགལ་བ་ཅིན་ ཉེས་ཁྲིམས་དེ་ གཞི་ག་བཟུམ་ཅིག་ལུ་བཞག་སྟེ་ བཀལ་དོ་ཡོདཔ་ཨིན་ན་ ད་ལྟོ་ཡང་ ཧ་གོ་མ་ཚུགསཔ་འོང་ཟེར་ཨིན་པས།
ད་རེས་འབད་བའི་བསྒང་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་པ་ཅིན་ མི་སྡེ་དང་ རྒྱལ་ཁབ་ དེ་ལས་ རང་བཞིན་གནས་སྟངས་ལུ་ ཉེས་པ་ག་བཟུམ་ཡོད་ག་དང་ ལག་ལེན་མ་འཐབ་པ་ཅིན་ ཕན་པ་ག་དེ་སྦེ་ཡོད་ག་ ལེགས་ཤོམ་སྦེ་ ཤེས་ཡོན་ཐོབ་ཡོདཔ་ལས་ མི་མང་དང་ ཆ་རོགས་ ཕམ་སྤུན་ཆ་ཚུ་ལུ་ བསླབ་བྱ་དང་ ཁ་བཀོད་བྱིན་ནིའི་ འགན་ཁུར་ཕོག་ལུགས་ ད་ལས་ཕར་ གཞུང་གིས་ ད་རུང་ ཆང་གི་བཅའ་ཁྲིམས་བཟོ་ནིའི་ འཆར་གཞི་དང་ སྲིད་བྱུས་ཡོད་པ་ཅིན་ ལྷག་ནར་དུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་ལས་ ཏམ་ཁུའི་བཅའ་ཁྲིམས་ལུ་ ངོས་ལེན་ཡོདཔ་ཅིག་མཛད་གནང་ཟེར་ སླབ་ཨིན་པས།
གཞུང་གི་གཙུག་སྡེ་དང་ ལྷན་ཁག་གི་ དབུ་ཁྲིདཔ་ཚུ་གིས་ བཅའ་ཁྲིམས་ཚུ་ བརྩམས་ཡོདཔ་བཞིན་དུ་ རྒྱལ་ཁབ་ཀྱི་ མི་སེར་ཚུ་གིས་ ངོས་ལེན་ཡོདཔ་ཅིག་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་ཡང་ འགྲུབ་ཚུགས་ནི་ཨིནམ་མ་ཚད་ འཛམ་གླིང་ནང་ ཆོས་ལྡན་རྒྱལ་ཁབ་ཀྱི་ གཏམ་སྙན་གྲགས་འཐོན་ནི་མས་ཟེར་ ན་གཞོན་ཚུ་གིས་ བསམ་འཆར་བཀོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment