གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧིང་༣ བཀལ་ཡོད་རུང་ གཟིག་ཚུ་བཟུང་ནི་ལུ་ མཐར་འཁྱོལ་འབྱུང་མ་ཚུགསཔ།

༡༠/༩/༢༠༡༢   ༉ མོང་སྒར་རྫོང་ཁག་ ཀ་ལ་སྤང་གཡུས་ཚན་ནང་ འཕྲལ་ཁམས་ཅིག་ལས་ གཡུས་ཚན་ནང་གཟིག་ཐོན་ཏེ་ ནོར་དང་ བྱ་ཚུ་ལུ་གནོདཔ་སྦོམ་བཀལ་མི་ལུ་བརྟེན་ ཐིམ་ཕུ་ལས་ རི་དྭགས་སེམས་ཅན་སྲུང་སྐྱོབ་ལས་ཁུངས་ལས་ འགོ་དཔོན་ཚུ་གིས་ གཟིག་ཚུ་བཟུང་ནིའི་དོན་ལུ་ ས་གནས་ནང་སོང་སྟེ་ བདུན་ཕྲག་༡ དེ་ཅིག་ལང་རུང་ ལྕགས་ཀྱི་དྲྭ་མིག་གིས་བཟོ་མི་ ཧིང་ཚུ་ནང་ འཛུལ་མ་བཏུབ་ལས་ སྡེ་ཚན་དེ་ ལོག་སོང་ཡོདཔ་ཨིན་པས།
ཉིནམ་དག་པ་ཅིག་གི་ཧེ་མར་ དོམ་བྲང་གཡུས་ཚན་གྱི་ བྱ་ཁྱིམ་ཅིག་ནང་ གཟིག་ཚུ་གིས་ བྱམོ་༤ བསད་ཡོདཔ་ཨིན་མས།
སྦ་བཞག་མི་ པར་ཆས་ནང་ཚུད་མི་གཟིག།


སྡེ་ཚན་དེ་ སྤྱི་ཟླ་༩ པའི་ཚེས་༡ ལུ་ ས་གནས་ནང་ལྷོད་ཡོདཔ་ད་ གཟིག་བཟུང་ནིའི་དོན་ལུ་ གཡུས་ཁར་བཟོ་མི་ ཧིང་གི་དྲྭ་མིག་༢ དང་ རི་དྭགས་སྲུང་སྐྱོབ་ལས་ཁུངས་ལས་འབག་འོང་མི་ དྲྭ་མིག་༡ གཡུས་ཚན་དེ་ནང་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢ ཀྱི་ནུབ་མོ་ གཟིག་དེ་གིས་ དྲྭ་མིག་༡ ནང་འཛུལ་ཡོད་རུང་ དྲྭ་མིག་དེ་ ཐུང་ནི་དེ་གིས་ གཟུགས་ཕྱེད་ཀ་ལས་བརྒལ་ མ་འཛུལཝ་ལས་ རང་བཞིན་གྱིས་ སྒོ་བསྡམ་མ་ཚུགསཔ་ཨིན་པས།
སྡེ་ཚན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཟིག་དེ་ ཚར་ཅིག་དྲྭ་མིག་ནང་འོང་ཡོད་རུང་ གཟུགས་ཕྱེད་ཀ་ལས་ མ་འཛུལ་ནི་དེ་གིས་ ནང་ན་མ་ཚུད་རུང་ ད་རུང་ ས་ཁོངས་དེ་ནང་ འགོ་དཔོན་ཚུ་མེད་རུང་ གཟིག་བཟུང་ནིའི་དོན་ལུ་ གཡུས་ཁ་ལུ་བཟོ་མི་ དྲྭ་མིག་༢ བཙུགས་ཏེ་ཡོདཔ་ད་ དེ་ནང་འཛུལ་ཐབས་ལུ་ ནང་ན་བཙུགས་ཏེ་ཡོདཔ་ཨིན་པས།
རང་བཞིན་སྲུང་སྐྱོབ་སྡེ་ཚན་ལས་ ཀ་ལ་སྤང་ལུ་འོང་མི་ སྒོ་ནོར་ཐོན་སྐྱེད་ཀྱི་ འགོ་དཔོན་གོངམ་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ གཟིག་དེ་ ལོག་འཛུལ་ནིའི་དོན་ལུ་ མི་ཚུ་ལུ་ བྱ་ཚུ་ཕྱི་ཁར་མ་བཏང་ཟེར་ སླབ་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཟིག་གིས་ དྲྭ་མིག་ནང་ འཛུལ་མ་བཏུབ་མི་དེ་ ཉིན་མ་བྱ་ཚུ་ ཕྱི་ཁར་བཏང་པའི་སྐབས་ལུ་ གཟིག་གིས་ གེ་ཟའི་ཞིང་ནང་ དབྱིབས་སྡོད་དེ་ བཟུང་བཟའ་དོ་ཡོདཔ་ལས་ ཕྱི་ཁར་ རྩ་ལས་མ་བཏང་ཟེར་ སླབ་ཅི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་སླབ་མིའི་ནང་ མི་རེ་༢ ཀྱིས་ ཉན་མ་བཏུབ་མི་ལུ་བརྟེན་ གཟིག་བཟུང་ནི་ལུ་ བྱ་སྟབས་མི་བདེ་བས་ཟེར་ཨིན་རུང་ ད་རེས་ནངས་པ་ ས་ཁོངས་དེ་ནང་ དྲྭ་མིག་ནང་འཛུལ་བ་ཅིན་ དེ་འཕྲལ་ལས་ ཁོང་ལུ་སྙན་ཞུ་འབད་གནང་ཟེར་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ཁོང་གིས་འབད་རུང་ མི་སེར་ཚུ་གི་མཐའ་དོན་ལུ་ ནམ་རང་འོང་རུང་ འོང་ཆོག་ཆོ་ཡོད་ཟེར་ཨིན་པས།
སྡེ་ཚན་དེ་ཡང་ སྒོ་ནོར་སེམས་ཅན་ཚུ་ལུ་ གཟིག་གིས་ གནོད་པ་སྦོམ་བཀལ་དོ་ཡོད་པའི་སྙན་ཞུ་ ལྷོད་མི་ལུ་བརྟེན་འོང་ཡོདཔ་ད་ གཡུས་ཚན་ནང་ གནོད་པ་མཇུག་དེ་ སྤྱི་ཟླ་༩ པའི་ཚེས་༦ གི་ནུབ་མོ་ དོམ་བྲང་གཡུས་ཚན་ནང་ བྱམོ་༤ བསད་ཡོདཔ་ད་ གཡུས་ཚན་དེ་ ཀ་ལ་སྤང་ལས་ རྐང་སྟོང་སྦེ་ དུས་ཡུན་སྐར་མ་༡༥ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ དུས་ཅི་ སྤྱི་ཟླ་༧ པ་ཁམས་ལས་ ནོར་༦ དང་ བྱམོ་༢༥ དེ་ཅིག་ བསད་ཡོདཔ་མ་ཚད་ ར་པོད་ཅིག་དང་ཕགཔ་ཅིག་ལུ་ རྨ་སྐྱོན་བཏོན་ཡོདཔ་ད་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་པའི་ བྱ་ཁྱིམ་ནང་འོང་སྟེ་ གནོད་པ་བཀལ་ནི་འགོ་ཐོག་དེ་ སྤྱི་ཟླ་༨ པའི་ཚེས་༢༠ ལས་འགོ་བཙུགས་ཏེ་ ཉིནམ་རེ་ཆད་མེད་པར་ གནོད་པ་བཀལ་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ གཟིག་དེ་ ཁྱིམ་གྱི་མཐའ་འཁོར་ལུ་ སྡོད་དོ་ཡོདཔ་ཨིན་རུང་ དྲྭ་མིག་ནང་ཚུད་མ་ཚུགས་མི་དེ་ འདས་པའི་བདུན་ཕྲག་ནང་ དྲྭ་མིག་༡ ནང་ གཟུགས་ཕྱེད་ཀ་ཚུད་ཡོདཔ་ལས་བརྟེན་ དེ་གི་དྲན་ཤེས་ལུ་བརྟེན་འཛུལ་མི་བཏུབ་དོ་ འོང་ནི་མས་ཟེར་ཨིན་པས།
མི་སེར་ཚུ་གིས་ འབད་བ་ཅིན་ རི་དྭགས་སེམས་ཅན་བསད་ནིའི་ཐད་ཁར་ གཞུང་གི་ཁྲིམས་སྒྲིང་སྒྲིང་ཡོདཔ་ལས་ སོ་ནམ་པ་ཚུ་འབད་རུང་ གཞུང་གིས་ ཐུགས་བཞེས་གནང་སྟེ་ དེ་བཟུམ་གྱི་ གནོད་པ་བཀལ་བའི་སྐབས་ལུ་ འཐུས་ཀྱི་ཐོབ་ལམ་ལུ་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ མོང་སྒར་གླིང་མེད་ཐང་ ནགས་ཚལ་འཛིན་སྐྱོང་ལས་ཚན་ལས་ ནགས་ཚལ་གླིང་འཛིན་པ་ ངག་དབང་རྒྱ་མཚོ་གིས་འབད་བ་ཅིན་ འཐུས་དེ་ གཅན་གཟན་སྟག་གིས་ གནོདཔ་བཀལ་མི་ལུ་མ་བཏོགས་ གཟིག་གིས་བཀལ་མི་ལུ་ ཐོབ་སྲོལ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་ནགས་ཚལ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ འདས་པའི་བདུན་ཕྲག་གི་ དྲི་ལན་འབད་བའི་སྐབས་ལུ་ སླབ་མིའི་ནང་ འཐུས་ཐོབ་སྲོལ་མེད་རུང་ གནས་སྟངས་དེ་གི་སྐོར་ལས་ འབྲེལ་ཡོད་ལྷན་ཁག་ལུ་ སྙན་ཞུ་ཕུལ་ཡོདཔ་ལས་ ད་ལྟོ་ག་ནི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་ནང་ གནོདཔ་བཀལ་མི་གཟིག་དེ་ ནགས་ཚལ་གླིང་འཛིན་པ་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༢༧ གྱི་ནུབ་མོ་ པར་ཆས་༤ བཙུགས་མིའི་ནང་ སྤྱི་ཚེས་༢༨ ལུ་ པར་ཆས་ནང་ཚུད་ཡོདཔ་ད་ དེ་ལུ་བལྟ་བ་ཅིན་ གནོདཔ་བཀལ་མི་གཟིག་དེ་ ལོ་ན་རྒས་སུ་ཅིག་ ཨིནམ་འོང་ནི་མས་ཟེར་ སླབ་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཀ་ལ་སྤང་གཡུས་ཚན་གྱི་ ཁྱིམ་གུང་པ་༢༥ དེ་གིས་ ཁོང་རའི་ སྒོ་ནོར་སེམས་ཅན་ཚུ་ བསྲུང་ནིའི་དོན་ལུ་ ཕྱི་རུ་ཨ་རྟག་ར་ ནོར་གྱི་བྱང་སའི་ཉེ་འདབས་ལུ་ མེ་འཕུ་དོ་ཡོདཔ་མ་ཚད་ ནུབ་མོ་སྐད་རྐྱབ་སྟེ་ ལྕགས་ཀྲིན་ཚུ་ བརྡུང་སྡོད་དོ་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།




No comments:

Post a Comment