གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་བཟུང་འབད་ཡི་ཟེར་ མ་བདེན་པའི་ བློ་སླབ་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

༡༡/༩/༢༠༡༢    ༉ བསམ་རྩེ་ལུ་ ཨམ་སྲུ་ཅིག་གིས་ ས་མཚམས་ཕྱི་ཁའི་ བཙན་བཟུང་པ་ཚུ་གིས་ མོ་གི་རྨགཔ་དེ་ བཙན་བཞག་ཐོག་ མོ་ལས་ དངུལ་ཀྲམ་༥༠༠,༠༠༠ དགོཔ་སྦེ་ སླབ་མིའི་སྐོར་ལས་ བསམ་རྩེའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཕོ་སྐྱེས་དེ་ ཁ་ཙ་ དགེ་འདུ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ མོང་སྒར་བསམ་རྩེ་ལས་ཨིན་མི་ ཕོ་སྐྱེས་དེ་ སྐྱེས་ལོ་༢༩ ལང་མི་ ཨམ་སྲུ་དང་གཅིག་ཁར་ སྤྱི་ལོ་༢༠༠༨ ལས་ཚུར་ འབྲེལ་བ་བྱུང་ཡོདཔ་ལས་ སྤྱི་ཟླ་༩ པའི་ཚེས་༧ ལུ་ གཉེན་ཐམ་བཏོག་པར་ བསམ་རྩེ་ལུ་ ལྷོད་དགོཔ་ཨིན་པས།
ཨམ་སྲུ་གིས་ བསམ་རྩེའི་ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཕོ་སྐྱེས་དེ་གིས་ དེ་ཚེ་དྲོ་པའི་ཆུ་ཚོད་༡༠ ལུ་ ཁོ་ ཐིམ་ཕུ་ལས་ འོང་ནི་འགོ་བཙུགས་ཡོདཔ་སྦེ་ བརྒྱུད་འཕྲིན་ལྷོད་ཡོདཔ་མ་ཚད་ ཉིན་མའི་ཆུ་ཚོད་༡ ལུ་ ཆུ་ཁ་ལུ་ལྷོད་ཅི་ཟེར་ འགྲུལ་འཕྲིན་ལྷོད་ཅི་ཟེར་ཨིན་པས།
དེ་ཚེ་ཕྱི་རུ་ ཁོ་གིས་ རྒྱ་གར་ལུ་ རྐང་འཁོར་བཏང་མི་ཅིག་ལུ་ བརྡུངས་བྱིན་མི་ལུ་བརྟེན་ ས་མཚམས་ནང་གི་ མི་ཚུ་གིས་ ཁོ་ བཟུང་བཞག་ཡོདཔ་སྦེ་ འགྲུལ་འཕྲིན་ནང་ འཕྲིན་ཡིག་ཅིག་ ཨམ་སྲུ་ལུ་ བསྐྱལ་བའི་ཤུལ་ལུ་ ཁོ་ར་ དཀའ་ངལ་ནང་ ཚུད་དེ་ཡོད་ཟེར་ འགྲུལ་འཕྲིན་བཏངམ་ད་ བར་ན་ལས་ མི་གཞན་ཅིག་གིས་ ཁོ་གི་འགྲུལ་འཕྲིན་འཕྱོག་འབག་དོ་བཟུམ་ ཚོར་སྣང་འབྱུང་བཅུག་ནི་གི་དོན་ལུ་ འཐུ་བཞག་ནུག་ཟེར་ བསམ་རྩེའི་ཁྲིམས་སྲུང་འགག་པའི་ སྡེ་འཛིན་གྱིས་ བཤདཔ་ཨིན་པས།
དེ་གི་ནངས་པ་ སྤྱི་ཟླ་༩ པའི་ཚེས་༨ ལུ་ ཨམ་སྲུ་གིས་ མོ་གི་རྨགཔ་དེ་ དགོ་པ་ཅིན་ དངུལ་ཀྲམ་༥༠༠,༠༠༠ འབག་སྟེ་ བསམ་རྩེ་དང་ ཕུན་ཚོགས་གླིང་གི་བར་ན་ ས་མཚམས་ཁྲོམ་སྡེ་ བི་ན་གུ་རི་ལུ་ཤོག་ཟེར་ འགྲུལ་འཕྲིན་ནང་ འཕྲིན་ཡིག་ཅིག་ཐོབ་ཡོདཔ་བཞིན་དུ་ མོ་གིས་ གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༩ པའི་ཚེས་༩ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ལས་ བསམ་རྩེའི་ཁྲིམས་སྲུང་འགག་པ་དང་ རྫོང་ཁག་འགོ་དཔོན་ཚུ་གིས་ རྒྱ་གར་ལུ་ཡོད་མི་ འབྲེལ་ཡོད་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ད་ དེ་བཟུམ་མའི་ བྱུང་རྐྱེན་བྱུང་བྱུངམ་མེད་ཟེར་ སླབ་ཡོདཔ་ཨིན་པས།
ད་རུང་ བི་ན་གུ་རིའི་ ས་ཁོངས་ནང་ འབྲུག་གི་འགྲུལ་འཕྲིན་བདའ་ཟུན་ཚུགས་པའི་ ཀ་རིང་མེདཔ་ལས་ ཁྲིམས་སྲུང་འགག་པ་ལུ་ དོགས་སྣང་བྱུང་སྟེ་ ཁོ་གི་ འགྲུལ་འཕྲིན་ཨང་འཚོལ་ཞིབ་འབདཝ་ད་ ཕོ་སྐྱེས་དེ་ ཆུ་ཁའི་ས་ཁོངས་ནང་ཡོདཔ་ ཧ་གོ་སྟེ་ ཁྲིམས་སྲུང་འགག་སྡེ་ཚུ་ནང་ བརྡ་སླབ་བཞིན་དུ་ ཁ་ཙ་ཉིན་མར་ དགེ་འདུ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དགེ་འདུ་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་ ཕྱག་བསིལ་ལ་ཁ་ལུ་སྡོད་མི་ ཨམ་སྲུ་ཅིག་གི་ ཀམ་པུས་ཊར་བསྐྱལ་བ་ཨིན་ཟེར་སླབ་སྟེ་ དགེ་འདུ་ཁྲོམ་ཁར་ ལམ་འགྱོ་སྡོད་ནུག་ཟེར་ཨིན་པས།
ཨིན་ཕོ་བརྡ་དོན་འཕྲུལ་རིག་ནང་ ལཱ་འབད་མི་ ཕོ་སྐྱེས་དེ་ ཁ་ཙ་ཕྱི་རུ་ བསམ་རྩེ་ལུ་ ཁྱིད་སོང་ཡོདཔ་ད་ བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཁོ་རའི་ གནས་ཚང་ལས་ ཏི་རུ་བཙན་ལེན་འབད་ནི་གི་ དཔའ་བཅམ་ཡོདཔ་ལས་ བཙན་འཕྲོག་གི་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།
དེ་མ་ཚད་ ཕོ་སྐྱེས་དེ་ མིང་སོ་སོ་དང་ པར་ཚུ་ འདྲ་མ་འདྲཝ་ཚུ་ ལག་ལེན་འཐབ་ཐོག་ལས་ མགུ་སྐོར་རྐྱབ་མི་ཅིག་ཡང་ཨིན་པའི་ མངོན་གསལ་བྱུང་ཡི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment