གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་དམར་བསད་འབད་མི་ དོགས་ཅན་ཕོ་སྐྱེས་ཅིག་ འཚོལ་ཞིབ་འབད་དོ་ཡོདཔ།

༡༡/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༧ ལུ་ ནགས་ཚལ་ནང་ ཙུ་ནེ་རྡོ་ ལེན་པར་འགྱོ་མི་ ཐིམ་ཕུ་སྨད་ཝང་རྒེད་འོག་ འགྱམ་རྡོ་གཡུས་ཚན་ལས་ སྐྱེས་ལོ་༤༢ ལང་མི་ ཨམ་སྲུ་ཅིག་ སྐྱེས་ལོ་༥༦ ལང་མི་ ཕོ་སྐྱེས་ཅིག་གིས་ དམར་བསད་འབད་ཡོདཔ་ལས་ ད་ལྟོ་ ཁྲིམས་སྲུང་འགག་པ་ཚུ་གིས་ དོགས་ཅན་ཕོ་སྐྱེས་དེ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།


ཐིམ་ཕུ་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཚེ་འདས་ཨམ་སྲུ་ འཕྲིན་ལས་དབང་མོ་དེ་ མགུ་ཏོག་གི་རྒྱབ་ཁར་ མཚོན་ཆ་ཅིག་གིས་ བླུགས་བྱིནམ་མ་ཚད་ ལྟག་ལྐོག་གུ་ གྱི་བཟུམ་ཅིག་གིས་ གསོབ་ཡོདཔ་ལས་ ས་གོ་དེ་ནང་ར་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
གཡུས་སྒོའི་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ དེ་ཚེ་དྲོ་པ་ ཚེ་འདས་ཀྱི་ ཁྱིམ་ནང་ལས་ དུས་ཡུན་སྐར་མ་༡༥ དང་༢༠ དེ་ཅིག་ རྐང་ཐང་འགྱོ་དགོ་པའི་ ནགས་ཚལ་ཅིག་ནང་ ཁོང་༢ ཆ་ར་ ཙུ་ནེ་རྡོ་ལེན་པར་ འགྱོ་བའི་སྐབས་ལུ་ མཐོང་ཡོདཔ་ཨིན་རུང་ ཕྱི་རུའི་ཆུ་ཚོད་༢ དང་སྐར་མ་༣༠ ལུ་ དོགས་ཅན་རྐྱངམ་གཅིག་ ཙུ་ནེ་རྡོ་འབག་འོང་སར་ མཐོང་ཡོདཔ་བཞིན་དུ་ ཆུ་ཚོད་༦ དེ་ཅིག་ལུ་ ཁྱིམ་ནང་ལས་ཐོན་འགྱོ་སར་ མཐོང་ཡི་ཟེར་ཨིན་པས།
གནམ་བསྲོ་རུང་ ཚེ་འདས་ཨམ་སྲུ་དེ་ ཁྱིམ་ནང་འོང་ནི་མེདཔ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་དང་ གཡུས་མི་ཚུ་གིས་ འཚོལ་ཞིབ་འབད་རུང་ གནག་དུང་འབདཝ་ལས་ འཚོལ་མ་ཐོབ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༨ ཀྱི་དྲོ་པ་ གཡུས་མི་ཚུ་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ མཉམ་རུབ་ཐོག་ལས་ འཚོལ་བའི་སྐབས་ ཚེ་འདས་ཨམ་སྲུ་དེ་ དོགས་པ་ཅན་གྱི་ ཇེ་ཀེཌ་དེ་ མགུ་ཏོག་གུ་ སྤུབས་བཞག་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཁྱིམ་ནང་ལྟཝ་ད་ དོགས་ཅན་ཕོ་སྐྱེས་དེ་གིས་ ལྕགས་སྒྲོམ་གྱི་ ལྡེ་མིག་འཕྱལ་ཏེ་ དངུལ་ཀྲམ་༡༠,༠༠༠ དང་ དཀྱི་ར་ཚུ་ བཏོན་འབག་སྟེ་ བྱོག་སོང་ཡོདཔ་ཨིན་པས།
ཚེ་འདས་ཨམ་སྲུའི་ རྨགཔ་གྱོང་སྟེ་ ལོ་༡ ལང་བའི་ཤུལ་ལུ་ ཕོ་སྐྱེས་དེ་གིས་ ཚེ་འདས་ཀྱི་ཁྱིམ་ནང་ ཟླཝ་༣ དེ་ཅིག་ འབྲེལ་བ་འཐབ་སར་ གཡུས་མི་ཚུ་གིས་ མཐོང་ཡོདཔ་ཨིན་པས།
ཚེ་འདས་ཨམ་སྲུ་དེ་ལུ་ ཁ་ས་གྲབ་ཆུ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་མི་ བུམོ་ཅིག་དང་ བློ་གསར་སློབ་རིམ་ནང་ བུམོ་ཅུང་ཅིག་ དེ་ལས་ སློབ་རིམ་༦ པའི་ནང་ བུམོ་ཅིག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚེ་འདས་ཨམ་སྲུ་དེ་ལུ་ སྤུན་ཆ་༥ ཡོད་པའི་གྲས་ལས་ ཨ་ཞེམོ་སྦོམ་ཤོས་དེ་ གཉེན་རྐྱབ་ཡོད་རུང་ གཞན་མི་དེ་ ལཱ་གཡོག་མེད་པར་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དོགས་ཅན་ཕོ་སྐྱེས་དེ་ ཧེ་མ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ རྒྱ་གར་གྱི་ ས་མཚམས་བརྒལ་ཏེ་ བཏོན་བཏང་ཡི་ཟེར་ སླབ་ཡོདཔ་ད་ ཨིན་རུང་ ག་དེ་སྦེ་ ལོག་འོང་ཡི་ག་ མི་ཤེས་པས་ཟེར་ སླབ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ འཛིན་གཟུང་འབད་ནིའི་དོན་ལུ་ ད་ལྟོ་ འཚོལ་ཞིབ་འབད་བའི་བསྒང་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment