གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་༡༠ གྱི་རྒྱབ་ལས་ ལྕང་ལཱ་རྐྱབ་ཚུགས་ཡོདཔ།

༡༡/༩/༢༠༡༢   ༉ རྩི་རང་རྫོང་ཁག་ གསེར་གྱི་ཐང་རྒེད་འོག་ རི་གླང་ཐང་ལུ་སྡོད་མི་ སྐྱེས་ལོ་༧༨ ལང་མི་ རཏ་ན་ བ་དཱུར་གྱིས་ ལོ་ངོ་༡༠ དེ་ཅིག་གི་ཧེ་མར་ ཁོ་རའི་ ཆུ་ཞིང་ཨེ་ཀར་ ཕྱེད་དང་༢ ཡོད་མིའི་ནང་ འབྱ་འཛུགས་སྐྱོང་འབད་བའི་ དཔྱད་རིག་བཏངམ་བཞིན་དུ་ ད་རེས་འབད་རུང་ ཞིང་ཚུ་ སྟོངམ་སྦེ་མ་བཞག་པར་ སེམས་ཤུགས་བསྐྱེད་དེ་ འཕྲོ་མཐུད་དེ་ར་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་པས།
ལོ་ངོ་༡༠ གྱི་རྒྱབ་ལས་ ལྕང་ལཱ་རྐྱབ་ཚུགས་མི་ རྩི་རང་རྫོང་ཁག་ གསེར་གྱི་ཐང་རྒེད་འོག་ རི་གླང་ཐང་གཡུས་ཚན་གྱི་མཐོང་སྣང་།


ཁོ་གི་ བཟའ་ཚང་ཚུ་གིས་ འདས་པའི་ལོ་ངོ་ བཅུ་ཕྲག་ལྷགཔ་ཅིག་གི་ཧེ་མར་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་མི་དེ་ཡང་ ཞིང་ཆུ་བཏོན་མི་ ཆུ་གཡུར་དེ་ གནམ་བྱཱར་གྱི་ ཆརཔ་ལུ་བརྟེན་ འཕྱགས་བདའ་བའི་ཤུལ་ལས་ ལྕང་ལཱ་འཕྲོ་མཐུད་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ལས་འགུལ་ཅིག་གི་ཐོག་ལས་ ཆུ་གཡུར་བསྐྱར་གསོ་འབད་མི་དེ་གིས་ འབྱ་འཛུགས་སྐྱོང་གི་ལཱ་ཚུ་ ལོག་སྟེ་ར་ འབད་ཚུགས་ནི་དེ་གིས་ སེམས་དགའ་སྟེ་ཡོདཔ་ཨིན་པས།
རཏ་ན་ བ་དཱུར་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཆུ་གཡུར་མེདཔ་ཐལ་བའི་ཤུལ་ལས་ ལྕང་ལཱ་རྐྱབ་མ་ཚུགས་ནི་དེ་གིས་ ལོ་༡༠ གྱི་རིང་ ཚོང་ཁང་ནང་ལས་ རྒྱ་ཆུམ་ཉོ་སྟེ་ བཟའ་སྡོད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ད་རེས་ སྔར་བཞིན་དུ་ ལྕང་ལཱ་རྐྱབ་ནིའི་ གོ་སྐབས་ཐོབ་མི་དེ་གིས་ གཡུས་ཆུམ་བཟའ་ནི་ཐོབ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཀི་ལོ་མི་ཊར་༥ འབད་མི་ རི་གླང་ཐང་གཡུས་ཚན་གྱི་ སྦོ་ལོགས་ཁར་ཡོད་པའི་ གནས་ཆེ་ལུངམ་ལས་བབས་མི་ རོང་ཆུ་ནང་ལས་བཏོན་མི་ ཆུ་གཡུར་དེ་ ཧེ་མ་ ཆུ་རུད་དང་ གནད་དོན་གཞན་ཚུ་ལུ་བརྟེན་ མེདཔ་ཐལ་ཡོདཔ་མ་ཚད་ ཤིང་དུམ་བཏོན་ནིའི་ ལས་སྣ་ཚུ་ལུ་བརྟེན་ ཧེང་སྐལ་ར མེདཔ་བཏང་ཡོདཔ་ལས་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཆུ་གཡུར་དེ་ འཛམ་གླིང་གོང་འཕེལ་དངུལ་ཁང་གི་ གྲོང་གསེབ་གོང་འཕེལ་ལས་འགུལ་ཐོག་ལུ་ ཉམས་བཅོས་འབད་ཡོདཔ་ཨིན་པས།
ཆུ་གཡུར་དེ་ མཐའ་འཁོར་གནས་སྟངས་ལུ་ ཉེན་ཁ་མེད་པའི་ སྤུས་ཚད་ལེགས་ཤོམ་ཡོད་པའི་ གྱིབ་གྱི་ཆུ་དུང་ཚུ་ ལག་ལེན་འཐབ་ཐོག་ལས་ ཉམས་བཅོས་འབད་ཡོདཔ་ཨིན་པས།
ཉམས་བཅོས་ཀྱི་ལཱ་ཚུ་ དུས་ཅི་ སྤྱི་ཟླ་༢ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཡི་ཟེར་ རྒེད་འོག་སོ་ནམ་རྒྱ་བསྐྱེད་ལས་རོགས་འགོ་དཔོན་ ཀུན་ལེགས་འབྲུག་པ་གིས་ བཤདཔ་ཨིན་པས།
ཆུ་གཡུར་ཉམས་བཅོས་ཀྱི་ལཱ་ཚུ་ མི་སེར་དང་ ལས་འགུལ་༢ ཀྱིས་ མཉམ་རུབ་ཐོག་ལས་འབད་ཡོདཔ་ད་ དེ་ཡང་ སྦུང་སྒུལ་གྱི་ལཱ་ཚུ་ སའི་ཇོ་བདག་ཚུ་གིས་ འབད་ཡོདཔ་བཞིན་དུ་ ཅ་ཆས་ཚུ་ ལས་འགུལ་གྱི་ཧོང་ལས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཆུ་གཡུར་དེ་གིས་ རཏ་ན་ བ་དཱུར་བཟུམ་མའི་ རི་གླང་ཐང་དང་ ཧའི་ཊར་གཡུས་ཚན་༢ ཀྱི་ ཁྱིམ་གུང་༡༡ གི་ མི་སེར་ཚུ་ལུ་ ཕན་ཐོགས་ནི་ཨིནམ་ད་ དེ་ནང་ བསྡོམས་ཀྱིས་ ཆུ་ཞིང་ཨེ་ཀར་༡༨ དེ་ཅིག་ཡོདཔ་ད་ དུས་ཅི་ ཁྱིམ་གུང་དག་པ་ཅིག་གིས་ ལྕང་ལཱ་ཚུ་རྐྱབ་ཡོད་རུང་ ལ་ལུ་ཅིག་གིས་ འགོ་བཙུགས་མ་ཚུགས་པར་ ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་གནས་དེ་ནང་ གཞན་སོ་ནམ་ཐོན་སྐྱེད་ཀྱི་ འོས་འབབ་ཡོད་མི་ སྐམ་ཞིང་ཚུ་ཡོད་པའི་ཁར་ ཚལ་ལུའི་ ལྡུམ་ར་ཡང་ རྒྱ་སྦོམ་སྦེ་ཡོད་ཟེར་ཨིན་པས།
ཆུ་གཡུར་ཉམས་བཅོས་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༤ གནས་ཡོད་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment