གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིན་གྲངས་༣ གྱི་རིང་འཚོགས་མི་ བིཤ་ནུ་པུ་ཇ་གསོལ་མཆོད་ ཁ་ཙ་མཇུག་བསྡུ་ཡོདཔ།

༡༤/༩/༢༠༡༢   ཧེ་མ་འབད་བ་ཅིན་ གསོལ་མཆོད་དེ་ ཟླཝ་༡ གི་རིང་ འགོ་འདྲེན་འཐབ་སྲོལ་ཡོད་རུང་ མ་དངུལ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཉིན་གྲངས་༣ ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།

༉ རྩི་རང་འགྲམ་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༡༣ དེ་ཅིག་ལུ་ཡོད་མི་ ཅང་ཅེ་ཁྲོམ་ཁར་ སྤྱི་ཟླ་༩ པའི་ཚེས་༡༡ ལས་ འགོ་བཙུགས་ཏེ་ གཡུས་ཚན་ནང་ ཧིན་དུའི་ཆོས་འབད་མི་ དད་ཅན་ཚུ་གིས་ སྤུངས་འཛོམས་ཐོག་ལས་ ལྷ་ཁང་ནང་ ཕྱག་འཚལ་སྨོན་ལམ་བཏབ་སྟེ་ བླམ་ལས་ ཆོས་ཞུ་མི་དེ་ ཧིན་དུའི་ལྷ་ཅིག་ཨིན་མི་ བིཤ་ནུ་པུ་ཇ་ཟེར་སླབ་མི་ གསོལ་མཆོད་ཨིན་པས།
ཤིང་གི་རྩ་བ་ལས་ རང་བཞིན་གྱིས་གྲུབ་མི་ གླངམོ་ཆེ་གི་མགུ་ཏོ།
ཅང་ཅེ་ཁྲོམ་ཁར་ བིཤ་ནུ་ པུ་ཇ་ཟེར་མི་ གསོལ་མཆོད་ཕུལ་བའི་བསྒང་།


གསོལ་མཆོད་དེ་ ཅང་ཅེ་ལུ་ཡོད་མི་ སིན་ཧ་ དེ་བི་ ཀིར་ཏཱོན་ཟེར་མི་ ས་གནས་ཀྱི་འཐུས་མི་༣༠ འབད་མི་ ཆོས་ཚོགས་ཅིག་གིས་ འགོ་འདྲེན་འཐབ་ཡོདཔ་ད་ གསོལ་མཆོད་དེ་ ལོ་༣ གྱི་བར་ན་ ཚར་རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དེ་ཡང་ ལྷ་བིཤ་ནུའི་ སྐུ་འདྲ་ཚུ་གི་གདོང་ཁར་ ཚོགས་ཟས་ཚུ་ཕུལ་ཞིནམ་ལས་ གཡུས་སྒོའི་བླམ་གིས་ སཾ་ཀྲིཊ་ནང་ཡོད་མི་ ཆོས་ཀྱི་ པོ་ཏི་ཚུ་ ལྷག་པའི་ཁར་ ལྷ་ཚུ་གི་མཚན་བརྗོད་དེ་ གལ་རྐྱེན་བར་ཆད་ཚུ་ ཞི་བཅུག་ཟེར་བའི་ སྨོན་ལམ་ཚུ་བཏབ་དོ་ཟེར་ ཆོས་ཚོགས་ཀྱི་འཐུས་མི་དང་ ལྷ་ཁང་གི་དཀོན་གཉེར་ཨིན་མི་ སྐྱེས་ལོ་༦༤ ལང་མི་ ལཱལ་ བཱ་དྷུར་ ཇོ་གི་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ཕྱི་རུ་ཁམས་ཅིག་ལས་ གཡུས་སྒོའི་བླམ་དེ་གིས་ མང་ཤོས་གཡུས་མི་དང་ སློབ་ཕྲུག་ཚུ་ཡོད་སར་ ཆོས་བཤད་ཀྱི་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ གཙོ་བོ་ར་ ཟས་ངན་ཏམ་ཁུ་དང་ ཆང་ དེ་ལས་ སྨྱོ་རྫས་ལ་སོགས་པ་ཚུ་ སྤང་དགོ་པའི་སྐོར་ལས་དང་ གཞན་ལུ་ མནོ་བསམ་ངན་པ་ བཏང་མ་བཏུབ་པའི་སྐོར་ལས་ གསལ་བཤད་འབད་དོ་ཡོདཔ་ཨིན་པས།
ཆོས་བཤད་ལས་རིམ་དེ་ ཆོས་ཚོགས་ཀྱིས་ སྤྱི་ལོ་༡༩༨༠ གྱ་གྲངས་ལས་ འགོ་བཙུགས་ཅི་ཟེར་ཨིནམ་ད་ དེ་གི་ཧེ་མར་ རྒེད་འོག་གིས་ འགོ་འདྲེན་འཐབ་སྟེ་ འབད་སྲོལ་འདུག་ཟེར་ཨིན་པས།
ད་རུང་ ཆོས་ཚོགས་ཀྱི་འཐུས་མི་ཨིན་མི་ ཨིན་ད་ར་ བཱ་དྷུར་ ཐཱ་པ་གིས་ སླབ་མིའི་ནང་ ལས་རིམ་དེ་གི་སྐབས་ལུ་ ཆང་དང་ ཤ་ ཏམ་ཁུ་ལ་སོགས་པ་ཚུ་ ག་ནི་ཡང་ ལག་ལེན་མ་འཐབ་པའི་ཁར་ དྲོ་མཛར་དང་ ཉིན་མའི་གསོལཝ་གྱི་དོན་ལུ་ ཇ་དང་ ཤེལ་རོ་ཊི་ བཟའ་དོ་ཡོདཔ་ད་ ཕྱི་རུ་ ལྟོ་དང་ ཚོད་བསྲེའི་ཚོདམ་རྐྱངམ་གཅིག་ལས་ བཟའ་ནི་མེད་ཟེར་ཨིན་པས།
སྤྱི་ལོ་༡༨༡༥ ལུ་ བཞེངས་མི་ ལྷ་མོ་དེ་བི་གི་ ལྷ་ཁང་ཆུང་ཀུ་ཅིག་ཡོད་མི་དེ་ ཤུལ་ལས་ སྤྱི་ལོ་༡༩༥༥ ལུ་ རྒྱ་བསྐྱེད་བཏང་ཡོདཔ་ད་ དེ་གི་སྦོ་ལོགས་ཁར་ ལྷ་ཤི་བ་གི་ ལྷ་ཁང་ཅིག་ཡོདཔ་ད་ ལྷ་ཁང་དེ་ སྤྱི་ལོ་༡༩༨༣ ལུ་ བཞེངས་ཡོདཔ་སྦེ་ གཡུས་ཁའི་རྒན་ཤོས་ཚུ་གིས་ བཤདཔ་ཨིན་པས།
རྒྱ་ཚད་ཕིཊ་༡༥ དང་ རིང་ཚད་ཕིཊ་༩ རེ་འབད་མི་ ལྷ་ཁང་༢ ནང་ གཅན་གཟན་སྟག་གུ་བཞེངས་མི་ ལྷ་ག་ནེཤི་དང་ ཧ་ནུ་མཱན་ ཀི་རིཤ་ན་ དེ་ལས་ སྟོན་པའི་སྐུ་འདྲ་ ཆུང་ཀུ་ཚུ་ཡོདཔ་ཨིན་པས།
ལྷ་ཁང་༢ ཀྱི་ གཡས་ཁ་ཐུག་ལུ་ ཤིང་སྦོམ་༢ ཡོད་སའི་སྦུག་ལུ་ ཤིང་གི་རྩ་བ་ལས་ རང་བཞིན་གྱིས་གྲུབ་མི་ གླངམོ་ཆེ་གི་ མགུ་ཏོ་ཅིག་ མཇལ་ནི་ཡོད་མི་དེ་ ལྷ་ག་ནེཤི་ཨིནམ་སྦེ་ ཡིད་ཆེས་བསྐྱེད་དེ་ གསོལཝ་བཏབ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ལྷའི་ཞལ་གྱི་ དབྱིབས་དང་འདྲ་བའི་ཤིང་དེ་ ཆོས་ཚོགས་ཀྱིས་ ལོ་ངོ་༡༤ དེ་ཅིག་གི་ཧེ་མར་ ངོས་འཛིན་འབད་བའི་སྐབས་ ཆུང་ཀུ་སྦེ་ཡོད་རུང་ ཤུལ་ལས་ སྦོམ་འགྱོཝ་ད་ཡང་ བཟོ་དབྱིབས་དེ་ ཧེ་མ་བཟུམ་སྦེ་ར་ འདུག་ཟེར་ཨིནམ་ད་ ས་གནས་ཀྱི་མི་ཚུ་གིས་ ས་གནས་དེ་ཁར་སོང་སྟེ་ སྨོན་ལམ་བཏབ་སྟེ་ སྐྱབས་མགོན་འཚོལ་བའི་སྐབས་ བསམ་དོན་འགྲུབ་ནི་ཡོད་ཟེར་ཨིན་པས།
ཆོས་ཚོགས་ཀྱི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ གསོལ་མཆོད་དེ་ ལོ་༣ གྱི་བར་ན་ ཚར་རེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཧིན་དུའི་ཆོས་ལུགས་དང་འཁྲིལཝ་ད་ ལོ་༣ ནང་ ཟླཝ་༡ ཐེབས་ཐོན་དོ་ཡོདཔ་བཞིན་དུ་ དུས་ཅི་ དུས་ཚོད་འ་ནེམ་ཅིག་ཁར་ ཕོག་ཡོད་རུང་ ཟླཝ་ཚུ་ སོར་འགྱོ་ནི་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ གསོལ་མཆོད་དེ་ ཟླཝ་༡ གི་རིང་འབད་ནི་ཡོད་རུང་ མ་དངུལ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཉིནམ་༣ ལུ་ མར་ཕབ་འབད་ཡི་ཟེར་ ཆོས་ཚོགས་ཀྱི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
འཐུས་མི་ཚུ་གིས་ སླབ་མིའི་ནང་ གསོལ་མཆོད་དེ་ རྒྱལ་ཁབ་ཀྱི་ སྐུ་རིམ་བཟུམ་ཅིག་ཨིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་ཁབ་ དེ་ལས་ མི་སེར་ཚུ་ལུ་ བདེ་སྐྱིད་འབྱུང་བཅུག་ཟེར་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།
ཉིནམ་༣ གྱི་རིང་ འགོ་འདྲེན་འཐབ་མི་ གསོལ་མཆོད་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།


 
རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment