གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀརྨ་ཕིཌི་གི་ གོང་ཚད་ཡར་སེང་འབད་ནིའི་ གསལ་བསྒྲགས་འབད་ཡོདཔ།

༡༤/༩/༢༠༡༢   ༉ དབང་འདུས་ལུ་ བྱ་གསོ་སྐྱོང་ཁང་གི་ ཚོང་ལས་འཐབ་མི་ ཀུན་ལེགས་རྒྱལ་མཚན་བཟུམ་སྦེ་ འབྲུག་གི་ བྱ་གསོ་སྐྱོང་གི་ ཚོང་ལས་འཐབ་མི་ཚུ་གི་དོན་ལུ་ ཀརྨ་ཕིཌི་ཟེར་ བྱའི་གཟནམ་དང་ སྒོ་ནོར་གྱི་ཆག་ཚུ་ ཐོན་སྐྱེད་འབད་མི་བཟོ་གྲྭ་གིས་ ཐོན་སྐྱེད་ཚུ་གི་ གོང་ཚད་ཡར་སེང་གི་ གསལ་བསྒྲགས་འབད་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་མེན་པས།


ཁ་ཙ་ བཟོ་གྲྭའི་ཐོན་སྐྱེད་ཚུ་གི་ གོང་ཡར་སེང་གི་ གསལ་བསྒྲགས་འབད་མིའི་ནང་ རིན་གོང་ ག་དེ་ཅིག་ ཡར་སེང་རྐྱབ་ནི་ཨིན་ན་ ད་ལྟོ་ ཁ་གསལ་མེདཔ་ཨིན་རུང་ ཀརྨ་ཕིཌི་གི་ བཟོ་གྲྭའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་  ཐོན་སྐྱེད་ཚུ་གི་ རྒྱུ་ཆས་ཀྱི་ རིན་གོང་བརྒྱ་ཆ་༥༠ ཡར་སེང་སོང་ཡོད་མི་དང་འཁྲིལ་ ཐོན་སྐྱེད་ཀྱི་གོང་ཚད་བརྒྱ་ཆ་༣༠ དེ་ཅིག་ ཡར་སེང་རྐྱབ་ནིའི་ འོས་འབབ་ཡོད་ཟེར་ཨིན་པས།
ཀུན་ལེགས་རྒྱལ་མཚན་གྱིས་སླབ་མིའི་ནང་ བྱ་ཚུ་གི་དོན་ལུ་ གཟནམ་གི་གོང་ཚད་ཡར་སེང་འགྱོ་རུང་ བྱ་གསོ་སྐྱོང་དང་འབྲེལ་བའི་ ཚོང་འབྲེལ་འཐབ་མི་ ལེ་ཤ་ཡོདཔ་ལས་ ཚོང་འབྲེལ་ནང་ དོ་འགྲན་བྱུང་མི་ལུ་བརྟེན་ བྱའི་ཐོན་སྐྱེད་ སྒོང་རྡོག་གི་གོང་ཚད་ ཡར་སེང་འབད་ནིའི་ འོས་འབབ་ཅིག་ མ་མཐོང་ཟེར་ཨིན་པས།
བྱའི་གཟནམ་དང་ སྒོ་ནོར་གྱི་ ཆག་གི་ཐོན་སྐྱེད་ཚུ་གི་ གོང་ཚད་ཡར་སེང་འབད་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱ་གར་ལུ་ ཆར་ཆུའི་གནས་སྟངས་དང་ རུ་པི་གི་ དཀའ་ངལ་དང་འབྲེལ་བའི་ དཔལ་འབྱོར་གནས་སྟངས་ལུ་བརྟེན་ ཐོན་སྐྱེད་ཀྱི་ གོང་ཚད་ཡར་སེང་སོང་ནི་དེ་གིས་ཨིན་པས།
རྒྱུ་ཆས་ཀྱི་ གོང་ཚད་ཡར་སེང་འགྱོ་མི་དེ་ཡང་ རྒྱ་གར་ལུ་ དུས་ཅི་ ཆརཔ་དུས་ཚོད་ཁར་ རྐྱབ་མ་བཏུབ་མི་དང་ དུས་ཚོད་ཁར་ འཛུགས་སྐྱོང་འཐབ་མ་ཚུགས་མི་ལུ་བརྟེན་ ཐོན་སྐྱེད་ལེགས་ཤོམ་མེད་ནི་དེ་གིས་ཨིན་མས་ཟེར་ བཟོ་གྲྭའི་མདོ་ཆེན་ དཀོན་མཆོག་དབང་འདུས་ཀྱིས་ བཤད་ཅི།
བཟོ་གྲྭ་གིས་ སྒོ་ནོར་ཆག་གི་ནང་ མཁོ་གལ་ཅན་གྱི་ ཟས་བཅུད་ཀྱི་རིགས་ཚུ་ ཌོ་ལར་ལག་ལེན་འཐབ་མི་ རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འབད་དགོ་དོ་ཡོད་མི་དེ་ ཌོ་ལར་དང་ཕྱདཔ་ད་ དུས་ཅི་ རྒྱ་གར་གྱི་ རུ་པིའི་ཤུགས་ཚད་མར་བབས་སོང་ནི་དེ་གིས་ ཟས་བཅུད་ཀྱི་གོང་ཚད་ ཡར་འཕར་སོང་ཡོད་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ནང་ ཀརྨ་ཕིཌི་གི་ཐོན་སྐྱེད་ཚུ་གི་གོང་ཚད་ བརྒྱ་ཆ་༡༢ ཡར་སེང་རྐྱབ་པའི་སྐབས་ སྒོ་ནོར་གྱི་ཆག་ ཀེ་ཇེ་༥༠ རེ་ལུ་ དངུལ་ཀྲམ་༡༠༠ ཡར་སེང་སོང་ཡོདཔ་ཨིན་པས།
བྱ་གསོ་སྐྱོང་ཁང་ལག་ལེན་འཐབ་མི་ ཚོང་པ་ལ་ལུ་ཅིག་གིས་ འབད་བ་ཅིན་ གཞུང་གིས་ བྱའི་གཟནམ་ཚུ་ རྒྱ་གར་ལས་ མཁོ་སྒྲུབ་འབད་ཆོགཔ་བཟོ་དགོཔ་འདུག་ཟེར་ཨིནམ་ད་ ད་ཚུན་ གཞུང་གིས་ རྒྱ་གར་གྱི་བཟོ་གྲྭ་༢ ལས་མ་གཏོགས་ སྒོ་ནོར་གྱི་ཆག་ཚུ་ གཞན་ཁ་ལས་ ནང་འདྲེན་འཐབ་མ་བཅུག་པར་བཞག་ཡོད་ཟེར་ཨིན་པས།
ཆར་ཆུའི་གནས་སྟངས་ལེགས་ལྡན་ཐོག་ལུ་གནས་པ་ཅིན་ རྒྱུ་ཆས་ཚུ་གི་གོང་ཚད་ མར་འབབ་འགྱོ་ནིའི་རེ་བ་ཡོདཔ་ད་ རྒྱུ་ཆས་ཚུ་གི་ གོང་ཚད་མར་འབབ་འགྱོ་བ་ཅིན་ ཀརྨ་ཕིཌི་གི་ཐོན་སྐྱེད་ཀྱི་ གོང་ཚད་ཡང་ མར་ཕབ་འབད་ཚུགས་ཟེར་ དཀོན་མཆོག་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment