གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་རྩེད་རིགས་སློབ་སྟོན་པ་༢༣ གྱིས་ སྦྱོང་བརྡར་མཇུག་བསྡུ་ཡོདཔ།

༡༤/༩/༢༠༡༢   ༉ སློབ་གྲྭའི་ རྩེད་རིགས་སློབ་སྟོན་གྱི་དོན་ལུ་ སློབ་སྟོན་པ་གསརཔ་གདམ་འཐུ་འབད་མི་ཚུ་ལུ་ བདུན་ཕྲག་༦ གི་རིང་ གཞི་རིམ་སློབ་སྦྱོང་བྱིན་མི་གིས་ རྩེད་རིགས་དང་འབྲེལ་བའི་ སློབ་སྟོན་གྱི་ཁྱད་ཚད་ཤེས་ཡོན་ཚུ་ ཐོབ་ཚུགས་པའི་ འོས་འབབ་མིན་འདུག་ཟེར་ རྩེད་རིགས་སློབ་སྟོན་གྱི་དོན་ལུ་ གདམ་འཐུ་གྲུབ་སྟེ་ སློབ་སྦྱོང་འབད་མི་ སློབ་སྟོན་པ་ཚུ་གིས་ བཤདཔ་ཨིན་པས།
རྩེད་རིགས་སློབ་སྟོན་པ་ཚུ་ སྦྱོང་བརྡར་འབད་བའི་བསྒང་།


རྩེད་རིགས་སློབ་སྟོན་གྱི་དོན་ལུ་ གདམ་འཐུ་གྲུབ་ཡོད་མི་ ཨམ་སྲུ་༦ དང་ ཕོ་སྐྱེས་༡༧ ལུ་ རྩེད་རིགས་དབྱེ་ཁག་༧ དང་འབྲེལ་བའི་ གཞི་རིམ་སློབ་སྟོན་རིག་རྩལ་གྱི་སློབ་སྦྱོང་ཚུ་ སྤྱི་ཟླ་༨ པའི་ཚེས་༡༣ ལས་ འགོ་བཙུགས་ཡོདཔ་ད་ ད་རུང་ གསོ་བའི་འགོ་དཔོན་ཚུ་གིས་ གློ་བུར་སྨན་བཅོས་འབད་ཐངས་ཀྱི་རིག་རྩལ་ཚུ་ཡང་ སྦྱོང་བརྡར་བྱིན་ནི་ཨིན་པས།
སྦྱོང་བརྡར་འབད་མི་ རྩེད་རིགས་སློབ་སྟོན་པ་ཚུ་གིས་འབད་བ་ཅིན་ བདུན་ཕྲག་༦ འབད་མི་ སློབ་སྦྱོང་གིས་ དགོས་མཁོ་ཅན་གྱི་རིག་རྩལ་ཚུ་ ཁྱད་ཚད་དང་ལྡན་སྦེ་ཐོབ་ནིའི་ནང་ དུས་ཡུན་ཐུང་སུ་ཅིག་ལས་མིན་འདུག་ཟེར་ སླབ་ཨིན་རུང་ ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ དམ་ཆོས་འོད་ཟེར་གྱིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ རྩེད་རིགས་གོང་འཕེལ་གྱི་དོན་ལུ་ གཞི་རིམ་སློབ་སྟོན་རིག་རྩལ་གྱི་དོན་ལུ་ དུས་ཡུན་དེ་ཅིག་གིས་ མ་འཐུསཔ་མེད་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ འབྲུག་རྩེད་རིགས་ཚོགས་སྡེ་གིས་ སློབ་སྟོན་པ་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་ཚུ་ བྱིན་ནི་ཨིནམ་མ་ཚད་ ཁོང་གིས་ རྩེད་རིགས་གང་རུང་ཅིག་གི་ནང་ སློབ་སྟོན་ཁྱད་རིག་གི་དོན་ལུ་ སྦྱང་བརྩོན་འབད་ཚུགས་ཟེར་ཨིན་པས།
ད་རེས་ཀྱི་ རྩེད་རིག་སློབ་སྟོན་པའི་ སྡེ་ཚན་དེ་ ཤོ་ཐེངས་༣ པ་ཨིནམ་ད་ ཤོ་ཐེངས་༡ པ་དང་༢ པ་དེ་ འདས་པའི་ལོ་༢ ཀྱི་ནང་ སྦྱོང་བརྡར་ཚུ་ བྱིན་ཐོག་ལས་ སློབ་གྲྭ་ཆུང་བ་དང་ འབྲིང་རིམ་སློབ་གྲྭ་བར་མ་ཚུ་ནང་ བགོ་བཀྲམ་འབད་དེ་བཏང་ཡོདཔ་ཨིན་པས།
དམ་ཆོས་འོད་ཟེར་གྱིས་ སླབ་མིའི་ནང་ སློབ་སྟོན་པ་དེ་ཚུ་ མི་སྡེ་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་མེདཔ་ལས་ སློབ་སྟོན་པ་བཏང་སྟེ་འབད་རུང་ འདི་ལུ་དགོས་དོན་མེད་པའི་ཁར་ འབྲིང་རིམ་སློབ་གྲྭ་གོང་མའི་དོན་ལུ་ སློབ་སྟོན་འབད་ཚུགས་པའི་ ལོ་ཚད་ཀྱི་ ཁྱད་ཆོས་མེདཔ་ལས་ འབྲིང་རིམ་སློབ་གྲྭ་གོང་མ་དང་ མི་སྡེ་སློབ་གྲྭ་ཚུ་ནང་ གཏང་ནི་མེད་ཟེར་ཨིན་པས།
སྐྱེས་ལོ་༢༣ འབད་མི་ རྟ་མགྲིན་དོན་གྲུབ་དེ་ ཧཱ་ ཇེན་ཀ་ན་ སློབ་གྲྭ་ཆུང་བའི་ནང་ རྩེད་རིགས་སློབ་སྟོན་པ་སྦེ་ འགྱོ་ནི་ཨིནམ་ད་ ཁོ་ ཧེ་མ་ ཊའི་ཀོན་ཌོ་རྐྱངམ་གཅིག་གི་ རིག་རྩལ་མ་གཏོགས་མེདཔ་ཨིན་རུང་ ད་རེས་བདུན་ཕྲག་༦ ནང་ལུ་ རྩེད་རིགས་༧ གྱི་སློབ་སྟོན་རིག་རྩལ་སྦྱོང་བརྡར་འབད་དགོཔ་ད་ དུས་ཚོད་དེ་ ཐུང་སུ་ཅིག་ར་ཨིན་མས་ཟེར་ བཤད་ཅི།
ཁོང་གིས་ རང་སོའི་སློབ་གྲྭ་ཚུ་ནང་ རྩེད་རིགས་གོང་འཕེལ་གཏང་ནིའི་ནང་ བརྩོན་ཤུགས་བསྐྱེད་དགོ་པའི་ཁར་ སློབ་གྲྭ་ཚུ་ནང་ རྩེད་རིགས་སློབ་སྦྱོང་གྱི་དོན་ལུ་ མཐུན་རྐྱེན་མེད་པའི་གནས་སྟངས་ནང་ རང་གིས་སྦེ་ རིག་རྩལ་ལག་ལེན་ཐོག་ བཟོ་བཀོད་འབད་དགོ་ནི་ཨིན་པས།
འདས་པའི་ལོ་༢ ཀྱི་ནང་ སློབ་གྲྭའི་རྩེད་རིགས་ སློབ་སྟོན་པ་༦༦ སྦྱོང་བརྡར་འབད་ཚར་ཏེ་ སློབ་གྲྭ་ཁག་ཚུ་ནང་ བཏང་ཡོད་པའི་ཁར་ ད་རུང་ སློབ་སྟོན་པ་༢༣ སློབ་གྲྭ་ཚུ་ནང་ རྩེད་རིགས་སློབ་སྟོན་གྱི་དོན་ལུ་ བཏང་མི་གིས་ རྒྱལ་ཁབ་ནང་ སློབ་གྲྭའི་རྩེད་རིགས་སློབ་སྟོན་པ་ཡོངས་བསྡོམས་༨༩ ལུ་ ལྷོད་ཡོདཔ་ཨིན་ པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment