གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་གི་མི་ཚུ་གིས་ སྲིད་དོན་ཚོགས་པ་རྙིངམ་ཚུ་ གདམ་ཁ་རྐྱབ་དགོ་པའི་གནད་ཁུངས།

༦/༦/༢༠༡༣  ༉ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་འདྲེན་འཐབ་མི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ རྩི་རང་གི་མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་༤ གི་གྲས་ལས་ ཚོགས་པ་རྙིངམ་༢ གདམ་ཁ་རྐྱབ་ཡོད་མི་དེ་ལུ་ རྒྱབ་ཁུངས་ལེ་ཤ་བཤད་ནི་ཡོདཔ་ཨིན་པས།


དེ་ཡང་ མནྜལ་སྒང་རྒེད་འོག་ རི་སེར་བུ་ལས་ སྐྱེས་ལོ་༣༣ ལང་མི་ཅིག་གིས་ ཁོ་དང་ ཁོ་རའི་ནང་མི་༥ གིས་ ཚོགས་རྒྱན་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ བཙུགས་ཡི་ཟེར་ཨིནམ་ད་ དེ་སྦེ་ བཙུགས་དགོ་མི་དེ་ཡང་ ཚོགས་པའི་གཙོ་འཛིན་དང་ འདས་པའི་ལོ་༥ འི་རིང་ གོང་འཕེལ་གྱི་ལས་སྣ་ཚུ་ ལེ་ཤ་བརྩམས་པའི་ཁར་ ཚུལ་བཞིན་དུ་ ལག་ལེན་འཐབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ང་བཅས་ལུ་ གོ་སྐབས་དེ་ ལོག་སྟེ་ར་ ཚར་གཅིག་བྱིན་པ་ཅིན་ ཧེ་མའི་ གོང་འཕེལ་གྱི་ ལཱ་འབད་འཕྲོ་ཡོད་མི་ཚུ་ བསྒྲུབ་ཚུགས་ནི་ལུ་ ཕན་ཐོགས་ནི་ཨིནམ་ལས་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ སྐྱེས་ལོ་༥༩ ལང་མི་ཅིག་གིས་འབད་བ་ཅིན་ ཁོ་གིས་ཡང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ ཁོ་རའི་འདེམས་ཁོངས་ཀྱི་ ཚོགས་པའི་འདེམས་ངོ་ སྒྲིང་སྒྲིང་ཡོད་མི་ལུ་ལྟ་སྟེ་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ ད་རུང་ མནྜལ་སྒང་སྨད་ལས་ སྐྱེས་ལོ་༧༡ ལང་མི་ ཕོ་སྐྱེས་ཅིག་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ཡང་ ཚོགས་པའི་གཙོ་འཛིན་གྱིས་ སྣུམ་འཁོར་གྱི་ཁྲལ་ཡར་སེང་ལུ་ ངོས་ལེན་མ་འབད་མི་དེ་གིས་ སྣུམ་འཁོར་ཉོ་མི་ ཁོ་རའི་མི་ཚུ་གི་ ཏི་རུ་ཁྲི་ཕྲག་དང་ འབུམ་ཕྲག་ལས་བཅད་དེ་ ལོག་འཐོབ་པའི་ཁེ་ཕན་བྱུང་ཡོདཔ་མ་ཚད་ གནད་དོན་དྲག་ཤོས་གཅིགཔོ་དེ་ འཕྲལ་ཁམས་གཅིག་ཁར་ ཚོགས་པའི་གཙོ་འཛིན་གྱིས་ ཁོ་རའི་སྒྲིག་རྒྱུག་སྣུམ་འཁོར་དེ་ ལོག་གཞུང་ལུ་ རྩིས་སྤྲོད་འབད་མི་ལུ་ལྟཝ་ད་ རྒྱལ་ཁབ་ལུ་ ཤ་ཚ་བའི་རྟགས་མཚན་ཅིག་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མནྜལ་སྒང་སྟོད་ལས་ སྐྱེས་ལོ་༥༥ ལང་མི་གིས་ སླབ་མིའི་ནང་ ཁོ་དང་ ཁོ་རའི་ནང་མི་བསྡོམས་༡༠ གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ཡང་ མི་སེར་ལུ་ཕན་ཐོགས་པའི་ འཕྲུལ་གླང་པ་ཝར་ཊི་ལར་དང་ གནམ་གྲུ་ཧེ་ལི་ཀོབ་ཊར་ལ་སོགས་པའི་ ཁས་བླངས་གསལ་བསྒྲགས་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྩི་རང་གི་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ གཞི་བཞག་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
རྫོང་ཁག་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༦༦ གིས་ རྒྱལ་ཁ་ཐོབ་སྟེ་ ཨང་༢ པ་ཐོན་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཨང་༡ པ་ ཐོན་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༤༠༣༥ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༣༩༦༩ ཐོབ་ཡོདཔ་ད་ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢༣༣༣ དང་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༦༥༢ ལས་ མ་ཐོབ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༧༠༡ ཐོབ་ཡོདཔ་ལས་ ཚོགས་རྒྱན་༥༡༡ ཐོབ་མི་ འབྲུག་ཕུན་སུམ་ཚོགས་པ་ལས་ ཚོགས་རྒྱན་༡༩༠ གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༣༦༤ དང་ འབྲུག་སྤྱིར་དབང་ཚོགས་པ་གིས་༦༩ ཐོབ་ནུག།
ཚོགས་པ་༢ ཀྱིས་ རྫོང་ཁག་འོག་གི་ འདེམས་ཁོངས་༢ ཡོད་ས་ལས་ རེ་རེ་རྒྱལ་ཁ་ཐོབ་ཡོདཔ་ད་ དཀྱིལ་འཁོར་ཐང་ མནྜལ་སྒང་འདེམས་ཁོངས་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྤྱིར་བཏང་གི་ བཙག་འཐུ་ནང་ ཚོགས་པ་ག་གིས་ རྒྱལ་ཁབ་འཐོབ་ནི་ཨིན་ན་ གཏན་འཁེལ་མེད་རུང་ ད་རེས་ནངས་པ་ རྩི་རང་ལུ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ འཐོབ་ནི་བཟུམ་འདུག་ཟེར་བའི་ ལོ་རྒྱུས་སླབ་མི་ཚུ་ ཐོན་དོ་ཡོད་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ བྱང་ཕྱད་སྦེ་ཐོན་མི་ མཐར་འཁྱོལ་མ་འབྱུང་མི་ ཚོགས་པ་༢ ཀྱི་རྒྱབ་སྐྱོར་པ་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནིའི་གོ་སྐབས་ཡོད་ཟེར་ཨིན་པས།
ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་ ག་ར་བྱང་ཕྱད་ཨིནམ་ལས་ ཆགས་སྡང་ཕྱོགས་རིས་མི་འབདཝ་འོང་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment