གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་ལམ་བདའ་སྟེ་ དོང་བཏོན་མི་གིས་ ལམ་འགྲུལ་འབད་མི་ཚུ་ལུ་ ཉེན་ཁ།

༡༡/༩/༢༠༡༢   ༉ དབང་འདུས་ཕོ་བྲང་ བ་འཇོ་ཁྲོམ་ཁར་འགྱོ་སའི་ རྐང་ལམ་བདའ་སྟེ་ གནམ་ནུབ་མོ་འགྲོ་འགྲུལ་འབད་བ་ཅིན་ དྲན་པ་ཐེབས་བཏོན་ཏེ་འགྱོ་དགོ་ནི་ཨིནམ་ད་ དེ་ཡང་ རྐང་ལམ་དེ་ དོང་བཏོན་ཡོད་ནི་དེ་གིས་ རྐང་ཐང་སྦེ་ འགྱོ་མི་ཚུ་ དོང་ནང་བུད་ནིའི་ཉེན་ཁ་ཡོདཔ་ཨིན་པས།
རྐང་སྟོང་འགྱོ་མི་ཚུ་ དྲན་ཤེས་མ་བཏོན་པ་ཅིན་ དོང་ནང་བུད་ནིའི་ཉེན་ཁ།


དབང་འདུས་དང་ ཀྲོང་གསར་གྱི་གཞུང་ལམ་ལས་ བ་འཇོ་ཁྲོམ་ཁར་སྦྲེལ་མཐུད་འབད་མི་ རྐང་ལམ་ཀི་ལོ་མི་ཊར་༡ དེ་ཅིག་ཡོད་མི་ནང་ དོང་ཆེ་ཆུང་ཡོངས་བསྡོམས་༡༡ བཏོན་ཡོདཔ་ད་ དོང་ལ་ལུ་ཅིག་ནང་ མི་ཡང་ཤོང་ཚུགསཔ་སྦེ་ཡོད་རུང་ ད་ཚུན་གྱི་བར་ན་ འགྲོ་འགྲུལ་འབད་མི་ལ་ལུ་ཅིག་ དོང་ནང་རྐངམ་ཚུད་པའི་རྐྱེན་ངན་རེ་ བྱུངམ་མ་གཏོགས་ ཤི་རྐྱེན་བྱུང་བའི་ལོ་རྒྱུས་མེདཔ་ཨིན་པས།
རྐང་ལམ་གྱི་ཟུར་ཁ་སྡོད་མི་ཚུ་གིས་ འབད་བ་ཅིན་ ཉིནམ་༢ དང་༣ གྱི་ནང་འཁོད་ལུ་ ས་གནས་ལས་ཕར་ རྐངམ་ཐོགས་ནི་དང་ ཡང་ཅིན་ དོང་ནང་རྐངམ་འཛུལཝ་མས་ཟེར་ སླབ་པའི་འུར་བྱེལ་འཐབ་མས་ཟེར་ཨིནམ་ད་ ལས་འཛིན་ཅིག་ནང་ལཱ་འབད་མི་ རྣམ་རྒྱལ་གྱིས་འབད་རུང་ ཁོ་སྣུམ་འཁོར་བཏང་འགྱོ་བའི་སྐབས་ ཕོ་སྐྱེས་ཅིག་གི་རྐངམ་ དོང་ནང་འཛགས་སར་་མཐོངམ་ལས་ ཁོ་གིས་ སྣུམ་འཁོར་གྱི་མེ་བཏེག་ཐོག་ལས་ རྐངམ་བཏོན་ནི་ལུ་ ཆ་རོགས་འབད་ཡི་ཟེར་ཨན་པས།
མི་ཚུ་གིས་ སླབ་མིའི་ནང་ རྐང་ལམ་ལག་ལེན་འཐབ་མི་དེ་ མང་ཤོས་ཅིག་ སློབ་ཕྲུགཔ་དང་ ལས་འགུལ་ནང་ལཱ་འབད་མི་ དེ་ལས་ མི་སེར་སོ་ནམ་པ་ ཉོ་ཚོང་རྐྱབ་པ་འོང་མི་ཚུ་ཨིནམ་ལས་ གལ་སྲིད་ དོང་ཚུ་མ་བསུབ་པར་ཡུན་རིངམོ་སྦེ་བཞག་པ་ཅིན་ རྐང་འགྲུལ་འབད་མི་ཚུ་ལུ་ ཉེན་ཁ་འོང་ནི་མས་ཟེར་ཨིནམ་ལས་ གཞུང་གིས་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིན་པས། 
སློབ་ཕྲུག་ཤེས་རབ་དེ་ ཕྱི་རུ་ཨ་རྟག་ར་ ས་གནས་དེ་ཁ་ལས་ རྐང་ཐང་སྦེ་འགྱོ་ནི་ཡོདཔ་ད་ མོ་གིས་ ཨ་རྟག་ར་ གནམ་ནུབ་མོ་ལམ་འགྲུལ་འབད་བའི་སྐབས་ལུ་ འཕྲུལ་མེ་ལག་ལེན་འཐབ་སྟེ་འགྱོཝ་ཨིན་ཟེར་ཨིནམ་ད་ རྐང་ལམ་གཡས་གཡོན་ལུ་ གློག་མེ་བཙུགས་པ་ཅིན་ མི་མང་ལུ་ཕན་ཐོགས་ནི་མས་ཟེར་ཨིན་པས།
རྐང་ལམ་གྱི་འོག་ལས་ དོང་རིང་ཚད་ མི་ཊར་༡ དེ་ཅིག་གི་ཐོག་ལས་ བ་འཇོ་ཁྲོམ་ཁར་ བཀྲམ་སྤེལ་འབད་མི་ ཆུ་དུང་ཚུ་མཐུད་ཡོདཔ་བཞིན་དུ་ རྐང་ལམ་ལས་བརྒྱུད་འགྱོ་མིའི་ ཆུ་ལམ་ཚུ་བསུབས་པའི་སྐབས་ བསལ་ནིའི་དོན་ལུ་བཞག་ཡོདཔ་ཨིན་པས།
བ་འཇོ་ཁྲོམ་སྡེའི་ བཀོད་ཁྱབ་བཟོ་རིག་ལས་རོགས་འགོ་དཔོན་ བློ་བཟང་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ དོང་ལུ་བརྟེན་ འགྲུལ་པ་ཚུ་ལུ་ རྐྱེན་ངན་བྱུང་བའི་ ཉོགས་བཤད་མ་ལྷོད་ཟེར་ཨིནམ་ད་ རྐང་ལམ་མདའ་སྟེ་ དོང་སྦེ་ལུས་མི་དེ་ སྤྱི་ལོ་༢༠༠༥ ལུ་ བ་འཇོ་ཁྲོམ་ཆགས་ནིའི་དོན་ལུ་ གཞུང་གིས་ གཞི་རྟེན་མཁོ་ཆས་མཐུན་རྐྱེན་ གཞི་བཙུགས་འབད་བའི་སྐབས་ དོང་བསུབས་ནིའི་ལྕགས་ལེབ་ ཁ་ཏོག་ཚུ་ ཨར་རྐུན་འབད་འབག་སོང་ཡོདཔ་ལས་ ཤུལ་ལས་ཁྲོམ་སྡེ་གིས་ རྩི་ས་དང་ ལྕགས་ཀྱིས་བཟོ་མི་ ཁ་ཏོག་ལག་ལེན་འཐབ་ཡོད་རུང་ རྩི་ས་དཀྲུམས་ཏེ་ལྕགས་བཏོན་འབག་ནི་དེ་གིས་ དོང་ལུས་ནུག་ཟེར་ཨིན་པས།
ཨིན་རུང་ དེ་གི་ཐབས་ཤེས་འབད་དོན་ལུ་ ད་རུང་ རྒྱ་ཚད་ ཕིཊ་གྲུ་བཞི་མི་ཊར་༢ དང་ སྟུག་ཚད་ ཨིན་ཅི་༣ འབད་མི་ རྩི་སའི་ཁ་ཏོག་ ལག་ལེན་འཐབ་ནིའི་དོན་ལུ་ མཁོ་མངགས་འབད་ཡོདཔ་ལས་ དེ་གིས་ཕན་ཐོགས་འབྱུང་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
བློ་བཟང་གིས་སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་གློག་མེ་དེ་ ཧེ་མ་ལས་བཙུགས་ནིའི་འཆར་གཞི་ཡོད་རུང་ མ་དངུལ་མ་ལང་ནི་དེ་གིས་ བཙུགས་མ་ཚུགས་པར་ ལུས་ཡོདཔ་ལས་ འཆར་གཞི་༡༡ པའི་ནང་བཙུགས་ཚུགས་ཟེར་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment