གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་པོ་སྐྱོན་ཅན་ཚུ་ སྒྲ་དབྱངས་ཁང་ནང་ལས་ འཐོན་འགྱོ་དགོ་པའི་གསལ་བསྒྲགས།

༡༡/༩/༢༠༡༢   ༉ འཕྲལ་ཁམས་ཅིག་ཁར་ བཀྲིས་རྟགས་བརྒྱད་སྒྲ་དབྱངས་ཁང་གི་ ཇོ་བདག་གིས་ ཞབས་ཁྲ་འཐེན་མི་ དབང་པོ་སྐྱོན་ཅན་༡༣ ལུ་ འཐོན་འགྱོ་དགོ་པའི་ གསལ་བསྒྲགས་འབད་མི་ལུ་བརྟེན་ ད་རེས་ནངས་པ་ ཁོང་ཆ་ཁྱབ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
བཀྲིས་རྟགས་བརྒྱད་སྒྲ་དབྱངས་ཁང་ནང་ ཞབས་ཁྲ་འཐེན་ཏེ་སྡོད་མི་ དབང་པོ་སྐྱོན་ཅན་ཚུ།


བཀྲིས་རྟགས་བརྒྱད་སྒྲ་དབྱངས་ཁང་གི་ ཇོ་བདག་རྣམ་རྒྱལ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དབང་པོ་སྐྱོན་ཅན་ཚུ་ལུ་ ཆ་རོགས་འབད་དེ་ ད་ཚུན་ ལོ་༥ ལྷགཔ་ཅིག་ སོང་ཡི་ཟེར་ཨིན་པས།
ད་རེས་ ཁོང་ཆ་ཁྱབ་ལུ་ འཐོན་འགྱོ་དགོཔ་སྦེ་ སླབ་མི་དེ་ཡང་ གཙོ་བོ་ར་ ཟླཝ་༧ དེ་ཅིག་གི་རིང་ འོང་འབབ་བཟོ་མ་ཚུགས་པར་ གྱོང་རྒུད་ཕོགཔ་ལས་ ཐ་ན་ ཟླ་རིམ་གྱི་ དངུལ་ཕོགས་ཡང་ སྤྲོད་མ་ཚུགས་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ བྱ་ཐབས་མེད་པར་ སླབ་དགོཔ་བྱུང་ཡི་ཟེར་ཨིན་པས།
བྱ་སྟབས་མ་བདེ་བའི་ གནད་དོན་གཞན་མི་དེ་ དབང་པོ་སྐྱོན་ཅན་བུམོ་དང་ བུཚ་ཚུ་གི་དོན་ལུ་ ཉལ་ཁང་སོ་སོ་ ལེན་དགོཔ་ལས་ ཟླ་རིམ་གྱི་ ཁང་གླ་སྤྲོད་ནི་དང་ བཟའ་འཐུང་ བཀབ་གོ་ལ་ དེ་ལས་ ཁོང་གི་དོན་ལས་ ཆ་རོགས་འབད་མི་ཚུ་ལུ་ ཟད་འགྲོ་སྦོམ་ གཏང་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ དབང་པོ་སྐྱོན་ཅན་ཚུ་ལུ་ སྙན་ཆ་བསྐྲོག་ནི་དང་ ཞབས་ཁྲ་འཐེན་ནིའི་སྦྱང་བ་ཚུ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ཁང་ལས་ སློབ་སྟོན་པ་སྟོན་ཐོག་ལས་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་བཞིན་དུ་ ཁོང་ཆ་མཉམ་ར་ སྙན་ཆ་བསྐྲོག་ནི་དང་ ཞབས་བྲ་འཐེན་ནིའི་ནང་ ཡོན་ཏན་དང་ རིག་རྩལ་ཚུ་ ལེགས་ཤོམ་ཐོབ་སྟེ་ཡོད་ཟེར་ སླབ་ཨིན་པས།
མིག་གི་དབང་པོ་ལུ་ སྐྱོན་ཕོག་མི་ རྩི་རང་གསེར་གྱི་ཐང་ལས་ སྐྱེས་ལོ་༢༨ ལང་མི་ མིག་དམར་དབང་མོ་གིས་ བཤད་མིའི་ནང་ ཇོ་བདག་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ བྱམས་དང་བརྩེ་བའི་སྒོ་ལས་ ད་ཚུན་གྱི་རིང་ རྒྱབ་སྐྱོར་འབད་མི་དེ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ཇོ་བདག་གིས་ ཁོང་ཆ་ཁྱབ་ སྒྲ་དབྱངས་ཁང་ནང་ལས་ འཐོན་འགྱོ་དགོ་ཟེར་ སླབ་པའི་ཉིནམ་ལས་ འགོ་བཟུང་སྟེ་ བཟའ་རུང་བཅུད་མེད་ ཉལ་རུང་གཉིད་མེད་པར་ སྡུག་བསྔལ་མྱོང་མི་དེ་ཡང་ ད་ལས་ཕར་ ཁོང་ཆ་ཁྱབ་ ལཱ་ག་ཅི་འབད་དེ་ བཟའ་ནི་ཨིན་ནའི་ མནོ་བསམ་བཏང་མི་ཚུགས་པས་ཟེར་ སླབ་ཨིན་པས།
ད་ཚུན་གྱི་རིང་ ཇོ་བདག་གིས་ ན་རུང་ཚ་རུང་ སྨན་ཁང་ནང་ བསྐྱལ་ནི་ལས་ འགོ་བཟུང་སྟེ་ ཆ་རོགས་འབད་ཡོདཔ་མ་ཚད་ བཀབ་གོ་ལ་ཚུ་ཡང་ ཆུ་འཁྱུ་སྟེ་ བྱིན་ཡི་ཟེར་ཨིནམ་ད་ ད་ལས་ཕར་ འཐོན་འགྱོ་ཞིནམ་ལས་ ལོག་གཡུས་ཁར་འགྱོཝ་ད་ ཕམ་དང་ སྤུན་ཆ་ཚུ་ལུ་ དཀའ་སྡུག་བྱིན་ནི་མ་གཏོགས་ ཆ་རོགས་འབད་མི་ཚུགས་ནི་མས་ཟེར་ པདྨ་དགའ་ཚལ་ལས་ སྐྱེས་ལོ་༢༢ འབད་མི་ དབང་པོ་སྐྱོན་ཅན་ཅིག་གིས་ སླབ་ཨིན་པས།
བཀྲིས་སྒང་ལས་ མིག་ཏོ་ལུ་ ཐོ་ཕོག་མི་ཅིག་གིས་ སླབ་མིའི་ནང་ ཧེ་མ་ མི་གཞན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ འདྲོག་བྱེལ་འཐབ་སྟེ་ སྡོད་མི་ཅིག་ཨིན་རུང་ ད་རེས་ སྙན་ཆ་བསྐྲོག་ནི་དང་ ཞབས་ཁྲ་འཐེན་ནི་ལུ་ དཀའ་ངལ་མེདཔ་བཟོ་མི་དེ་ཡང་ བཀྲིས་རྟགས་བརྒྱད་སྒྲ་དབྱངས་ཁང་གི་ ཇོ་བདག་གི་ བཀྲིན་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དབང་པོ་ལུ་ཐོ་ཕོག་མི་ བུམོ་༤ དང་ བུཚ་༩ ཡོད་མི་ཚུ་ལུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༣,༠༠༠ ལས་༦,༠༠༠ ཚུན་ སྤྲོད་ཅི་ཟེར་ཨིནམ་ད་ ཁོ་གིས་ ལོ་༥ ཚུན་ སྙན་ཆ་དང་ ཞབས་ཁྲའི་སྦྱོང་བརྡར་ཚུ་ ལེགས་ཤོམ་སྦེ་བྱིན་ཏེ་ ལྕོགས་གྲུབ་ཅན་ བཟོ་ཡི་ཟེར་ཨིན་པས།
དབང་པོ་སྐྱོན་ཅན་ རྟེན་འབྲེལ་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་ར་ མོང་སྒར་ན་རང་སློབ་གྲྭ་ཆུང་བའི་ སྙན་ཆའི་སློབ་དཔོན་གྱི་ གོ་སྐབས་ཐོབ་ཅི་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁོ་བཟུམ་སྦེ་ གཞན་ཚུ་ལུ་ཡང་ ལཱ་གཡོག་གི་གོ་སྐབས་རེ་ གནང་ཚུགས་པ་ཅིན་ སྒྲ་དབྱངས་ཁང་ནང་ལས་ འཐོན་འགྱོ་རུང་ བློ་བདེ་ནི་མས་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་འོག་ལུ་ ལཱ་འབད་སྡོད་མི་ དབང་པོ་སྐྱོན་ཚུ་ལུ་ འཐོན་འགྱོ་དགོ་པའི་ གསལ་བསྒྲགས་འབད་མི་དེ་ཡང་ གཞུང་གི་ཁ་ཐུག་ལས་ སྡོད་གནས་ཀྱི་རྒྱབ་སྐྱོར་དང་ ལས་འཛིན་དང་ སྒེར་སྡེ་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་རེ་ གནང་འོང་མནོ་སྟེ་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ རྣམ་རྒྱལ་རྡོ་རྗེ་གིས་ བཀྲིས་རྟགས་བརྒྱད་སྒྲ་དབྱངས་ཁང་ གཞི་གཙུགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཕམ་ཉམ་ཆུང་གི་ཨ་ལུ་ ཡོན་ཏན་སྦྱང་མ་ཚུགས་མི་དང་ འཕྲོ་མཐུད་ཤེས་ཡོན་ལྷབ་མ་ཚུགས་མི་ཚུ་ལུ་ ཆ་རོགས་འབད་ནིའི་དོན་ལུ་ཨིནམ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་འགྲུབ་ཐབས་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༨ ལུ་ དབང་པོ་སྐྱོན་ཅན་ཚུ་ ཆ་རོགས་འབད་ནིའི་དོན་ལས་ རྒྱལ་ཡོངས་ལུ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ད་ཚུན་གྱི་རིང་ དབང་པོ་སྐྱོན་ཅན་༡༣ ལྷགཔ་ཅིག་ལུ་ ཆ་རོགས་འབད་ཡི་ཟེར་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
བཀྲིས་རྟགས་བརྒྱད་སྒྲ་དབྱངས་ཁང་གི་ ཇོ་བདག་རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་གི་ གནས་སྟངས་ལུ་ལྟ་སྟེ་ བཟོད་མ་ཚུགསཔ་ལས་ ད་ལས་ཕར་འབད་རུང་ རྩ་འགེངས་ཏེ་ ཆ་རོགས་འབད་ནིའི་ ཁས་བླངས་ཡོད་ཟེར་ ཨིན་པའི་གནས་ཚུལ།



བཀྲིས་ཕུན་ཚོགས་དང་ སངས་རྒྱས་དཔལ་འབྱོར།

No comments:

Post a Comment