གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱུན་འགྲུལ་མི་བཀག་ནིའི་དོན་ལུ་ འཁོར་ལམ་གསརཔ་ཅིག་ བཏོན་དོ་ཡོདཔ།

༧/༩/༢༠༡༢   ༉ ཉིནམ་དག་པ་ཅིག་གི་ཧེ་མར་ ཀྲོང་གསར་དང་ གཞལམ་སྒང་གི་ གཞུང་ལམ་བར་ན་ ལྗིད་ཅན་འཕྲུལ་ཆས་འབག་མི་ སྣུམ་འཁོར་ཊཱག་ཅིག་གིས་ གནོད་སྐྱོན་རྐྱབ་མི་ རྫོང་ཁ་ལུངམ་གི་ལྕགས་ཟམ་དེ་ ད་ལྟོ་ཡང་ འཐེན་འཕྲུལ་མ་ལྷོདཔ་ལས་བརྟེན་ ད་རུང་ བདུན་ཕྲག་ལྷགཔ་ཅིག་ འགོར་ནི་ཨིནམ་ལས་ ཉེ་འདབས་ལས་ སྣུམ་འཁོར་གྱི་ལམ་གསརཔ་ཅིག་ བཏོན་ནིའི་དོན་ལུ་ ས་བླུག་པའི་བསྒང་ཡོདཔ་ཨིན་པས།

ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ ཟམ་མེདཔ་བཏང་པའི་ཤུལ་ལས་ འགྲུལ་པ་ཚུ་ མི་ལམ་གསརཔ་ཅིག་ བསལ་མི་ལས་བརྒྱུད་དེ་ འགྱོ་བའི་བསྒང་།   

ཇེ་པི་བཟོ་སྐྲུན་ལས་སྡེའི་ ཞི་བའི་བཟོ་རིག་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་༣ གྱི་ནང་འཁོད་ལུ་ ས་ཁོངས་དེ་ནང་ ས་བླུག་ཚར་ནི་ཨིནམ་ལས་ སྣུམ་འཁོར་ཆུང་བ་ཚུ་ རྒྱུན་འགྲུལ་འཐབ་ཚུགས་རུང་ ལྕགས་ཟམ་དེ་ བྱག་རྩུབ་དྲགས་ཀྱི་བར་ན་ རྐྱབ་ཡོདཔ་ལས་ བདུན་ཕྲག་༡ དེ་ཅིག་ འགོར་ནི་བཟུམ་ཡོདཔ་ཨིན་པས།
ཟམ་གྱི་སྦུག་ལུ་ཡོད་མི་ ལྗིད་ཅན་འཕྲུལ་ཆས་འབག་མི་ སྣུམ་འཁོར་ཊཱག་དེ་ འཐེན་མ་བསྐྱལ་བའི་ཧེ་མར་ ཟམ་དེ་ བརྡིབ་འགྱོ་མི་བཅུག་ནིའི་དོན་ལུ་ ཟམ་གྱི་ཕྱོགས་༢ ཆ་ར་ལས་ ལྕགས་ཐག་ཚུ་ བཏགས་ཡོདཔ་མ་ཚད་ ཟམ་གྱི་འོག་ལས་ ཀཝ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
སྣུམ་འཁོར་ཊཱག་དེ་ འཐེན་བསྐྱལ་ནིའི་དོན་ལུ་ ལྗིད་ཚད་ཊཱོན་༣༠ འཐེན་ཚུགས་མི་ འཕྲུལ་ཆས་ཅིག་ ཕུན་ཚོགས་གླིང་ལས་ ས་གནས་ནང་ ལྷོད་དེ་ཡོད་རུང་ ལྗིད་ཚད་ཊཱོན་༨༠ འཐེན་ཚུགས་མི་དེ་ སྤུ་ན་གཙང་ཆུ་ལས་ འབག་འོང་ནི་ཨིནམ་ལས་ འཕྲུལ་ཆས་ཚུ་འཕྱལ་ཏེ་འབག་འོང་དགོ་ནི་དེ་གས་ བདུན་ཕྲག་༡ དེ་ཅིག་ འགོར་ནི་ཨིན་པའི་ཁར་ ས་ཁོངས་ནང་ལྷོད་དེ་ ལོག་བསྒྲིག་ནིའི་དོན་ལུ་ ད་རུང་ བདུན་ཕྲག་༡ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
ལས་སྡེ་གིས་ ལམ་གསརཔ་གི་དོན་ལུ་ སྣུམ་འཁོར་ཊཱག་༡༠ དེ་ཅིག་ ཆུ་མཛོད་ཁང་ བཟོ་སྐྲུན་འབད་ས་ལས་ ས་འབག་སྟེ་ སྐྱེལ་དོ་ཡོད་རུང་ ས་ཁོངས་དེ་ བྱག་རྩུབ་དྲགས་སྦེ་ཡོད་པའི་ཁར་ བར་ན་རིང་ཚད་ མི་ཊར་༣༠ ཡོདཔ་ལས་ དུས་ཡུན་འགོར་ནི་མས་ཟེར་ སླབ་ཨིན་པས།
ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ག་ལེ་གིས་ ཟམ་དེ་ བཤུབ་ཞིནམ་ལས་ ལོག་གནས་སྐབས་ཅིག་གི་དོན་ལས་ རྐྱབ་ནིའི་དོན་ལུ་ ཕུན་ཚོགས་གླིང་ལས་ ཟམ་གྱི་ཅ་ཆས་ཚུ་ འཕྲལ་མགྱོགས་ར་ ལྷོད་འོང་ཟེར་ཨིན་པས།
ལྕགས་ཟམ་བཤུབ་ནིའི་ལཱ་ཚུ་ བཟོ་སྐྲུན་ལས་སྡེ་ཁོ་ར་གིས་ འབད་དགོ་ནི་ཨིན་རུང་ ལོག་བཟོ་སྐྲུན་འབད་ནི་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་ ལམ་སེལ་ལས་ཁུངས་ཀྱིས་ མཉམ་རུབ་ཐོག་ལས་ འབད་ནི་ཟེར་ཨིན་རུང་ གཏན་འཇགས་ཀྱི་ ཟམ་རྐྱབ་ནི་དེ་ གཞུང་གི་འཆར་གཞི་དང་འཁྲིལ་དགོ་ཟེར་ཨིན་པས།
ཟམ་མེདཔ་བཏང་མི་ལུ་བརྟེན་ ས་གནས་ཀྱི་ བཟོ་སྐྲུན་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ ཀྲོང་གསར་ལུ་ ཐོགས་ལུས་ཡོདཔ་ད་ འགྲུལ་པ་ཚུ་ གནས་སྐབས་ཀྱི་དོན་ལུ་ མི་ལམ་ཅིག་ བསལ་ཡོད་མི་ལས་བརྒྱུད་དེ་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment