གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫས་བམ་གས་བཏང་མི་ སློབ་ཕྲུག་༢ ལུ་ བཙོན་ཁྲིམས་ཟླཝ་༦ ལས་ ཟླཝ་༢༧ ཚུན་བཀལ་ཡོདཔ།

༧/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༡༥ ལང་མི་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ཅིག་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༣ བཀལ་ཡོདཔ་ད་ ཁོ་གི་ཆ་རོགས་ དབང་འདུས་འབྲིང་རིམ་སློབ་གྲྭ་འོག་མ་ལས་ སྐྱེས་ལོ་༡༦ ལང་མི་ སློབ་ཕྲུག་དེ་ལུ་ བཙོན་ཁྲིམས་ཟླཝ་༦ བཀལ་ཡི།


མ་གཞི་ ཉེས་ཅན་༢ པོ་དེ་གིས་ སྤྱི་ཟླ་༣ པའི་ཚེས་༡ གི་ ནུབ་མོའི་ཆུ་ཚོད་༡༡ དང་སྐར་མ་༤༥ དེ་ཅིག་ལུ་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཅིག་ལུ་ ཤ་ཀཱམ་བཱར་རྫས་ཟེར་མི་ རྫས་བམ་ཅིག་ གས་བཏང་པའི་ཁར་ ཉེན་བརྡའི་ཡིག་གུ་༣ སྦྱར་ཐོག་ལས་ འཇིགས་སྐྲག་སྟོན་མི་དེ་ལུ་ བཙོན་ཁྲིམས་ཟླཝ་༦ ཕོག་པའི་ཁར་ ཉེས་ཅན་ར་ཀྲུ་དེ་ ཨར་རྐུན་འབད་བའི་ཉེས་འཛུགས་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ཟླཝ་༩ འབདཝ་ད་ ཡོངས་བསྡོམས་ལོ་༢ དང་ཟླཝ་༣ ཕོག་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ བཙོན་ཁྲིམས་ལོ་རེ་ སྨིན་དགོ་ནི་ཨིན་རུང་ གཉིས་ཆ་ར་ སྐྱེས་ལོ་༡༨ མན་ཆད་འབད་ནི་དེ་གིས་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ ཟླཝ་༦ ལུ་ མར་ཕབ་འབད་ཡོདཔ་ད་ ཉེས་ཅན་༢ པོ་དེ་ ནག་ཅན་ལས་སྦྱོར་དང་ ཉེས་ཅན་གྲབ་གཤོམ་ཟེར་མིའི་ གནད་དོན་ཁག་༢ ཀྱི་ཐོག་ལུ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
གས་རྫས་དེ་ རྫོང་ཁ་སློབ་དཔོན་སྡོད་སའི་ སྒོ་ཐེམ་ལུ་ བཀལ་ཡོདཔ་མ་ཚད་ ཉེན་བརྡའི་ཡི་གུ་༣ སྦྱར་བཞག་པའི་ཁར་ གས་རྫས་དེ་ ནུབ་མོ་གས་ཡོད་རུང་ དེའི་སྐོར་ལས་ ག་གིས་ཡང་ མ་ཤེསཔ་ཨིན་པས།
རྫས་བམ་གས་པའི་ཤུལ་ལུ་ བམ་གྱི་ཤོག་ཀུ་དང་ རྫས་དཀརཔོ་དུམ་གྲ་རེ་མ་གཏོགས་ གཞན་ག་ནི་ཡང་ མ་ཐོབ་ཟེར་ཨིནམ་ལས་ གལ་སྲིད་ བདེན་རྟགས་ལེགས་ཤོམ་ འཐོབ་ཚུགས་པ་ཅིན་ བམ་གྱི་སྐོར་ལས་ ཧ་གོ་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
རྫོང་ཁ་སློབ་དཔོན་དེ་ སློབ་ཕྲུག་བདག་འཛིན་འཐབ་མི་ དོ་དམ་པའི་ཁང་མིག་ནང་ སྡོད་དོ་ཡོདཔ་ད་ དེ་ཚེ་ནུབ་མོ་ སྒོའི་ཕྱི་ཁ་ལས་ ལྡེ་མིག་རྐྱབ་བཞག་ཡོདཔ་ད་ ལྡེ་མིག་དེ་ ཁྱིམ་ཚང་ཅིག་གིས་ ཕྱེས་ཡོདཔ་ཨིན་པས།
དེ་ལས་ ཁོ་གིས་ དེ་འཕྲོ་ལས་ སློབ་གྲྭའི་དབུ་འཛིན་གོངམ་ལུ་ བརྡ་ལན་འབད་ཞིནམ་ལས་ དབུ་འཛིན་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྫས་བམ་གས་མི་ལུ་ལྟ་བ་ཅིན་ ཤུགས་ཡོད་པའི་བམ་ མེན་པས་ཟེར་ཨིནམ་ད་ བསྟན་སྲུང་དམག་མི་སྡེ་ཚན་ཅིག་གིས་ཡང་ ཞིབ་དཔྱད་འབད་རུང་ བམ་གྱི་རང་བཞིན་དང་ འབྱུང་ཁུངས་ཚུ་ ཤེས་མ་ཚུགསཔ་ཨིན་པས།
བུཚ་༢ པོ་དེ་ ཉིནམ་༣ གྱི་རྒྱབ་ལས་ ཁྲིམས་སྲུང་འགག་པ་གིས་ བ་འཇོ་ཁྲོམ་ཁར་ ཨོ་ཕྱེ་སྒམ་སྒྲོམ་༩ དང་ གཞན་བཟའ་ཆས་ཀྱི་རིགས་ཚུ་ ཨར་རྐུན་འབད་བའི་དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ཞིནམ་ལས་ རྫས་བམ་བཙུགས་མི་དང་ འཇིགས་སྐྲག་བཏོན་པའི་ ཉེན་བརྡའི་ཡི་གུ་ བྲིས་བཞག་པའི་སྐོར་ལས་ དྲི་དཔྱད་འབད་ཡི་ཟེར་ བཤདཔ་ཨིན་པས།
བུཚ་༢ ཀྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ བྱ་ངན་འབད་དགོ་མི་དེ་ སློབ་ཁང་ནང་ སློབ་དཔོན་གྱིས་ བཀྲ་མ་ཤིསཔ་འབད་བ་ཅིན་ མི་བཏུབ་ཟེར་ སླབ་ནི་དེ་གིས་ ངོ་ཚ་མི་ལུ་བརྟེན་ གདོང་ལེན་འབད་ཡི་ཟེར་ཨིན་པས།
སློབ་གྲྭའི་འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྙན་ཞུ་ལུ་ བསྒུག་དོ་ཡོདཔ་ད་ ཞིབ་དཔྱད་འབད་ཚརཝ་ཅིག་ དོགས་ཅན་གྱི་ ཕམ་ཚུ་དང་ཕྱདཔ་དེ་ སློབ་གྲྭའི་ལམ་ལུགས་དང་འཁྲིལ་ཏེ་ ཉེས་བྱ་བཀལ་ནི་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དབང་འདུས་འབྲིང་རིམ་སློབ་གྲྭ་གོང་མ་ལས་ཨིན་མི་ དོགས་ཅན་དེ་ ཧེ་མ་ཡང་ བྱ་ངན་འབད་མི་ལུ་བརྟེན་ དོ་དམ་འོག་ལུ་ ཐེངས་ལེ་ཤ་ཅིག་ར་ བཙུགས་ཅི་ཟེར་ཨིན་པའི་གནས་ཚུལ།


 
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment