གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་སྐབས་ མི་སྡེའི་བརྡ་བརྒྱུད་ལག་ལེན་གྱི་ ལམ་ལུགས་གྲ་སྒྲིག་བཟོ་དོ་ཡོདཔ།

༧/༩/༢༠༡༢   ༉ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ མི་སྡེའི་ཡོངས་འབྲེལ་ཞབས་ཏོག་ཚུ་ སྲིད་ཚོགས་ཚུ་གིས་ བསྐུལ་བསྒྲགས་ཀྱི་དོན་ལུ་ ལག་ལེན་རྒྱ་ཆེ་དྲགས་སྦེ་ མ་འཐབ་རུང་ ད་རེས་ནང་པར་ མི་སྡེའི་བརྡ་བརྒྱུད་ཞབས་ཏོག་ མ་འདྲཝ་ལེ་ཤ་ཅིག་ཡོད་མི་ཚུ་ བསྐུལ་བསྒྲགས་ཀྱི་དོན་ལུ་ ལག་ལེན་འཐབ་ནི་གི་ འོས་འབབ་མཐོང་ཡོདཔ་ཨིན་པས།


དེ་ཡང་ རྒྱལ་སྤྱི་གནས་ཚད་ནང་ མི་སྡེའི་བརྡ་བརྒྱུད་ཞབས་ཏོག་ དཔེ་འབད་བ་ཅིན་ ཨིང་སྐད་ནང་ ཕེསི་བུཀ་ཟེར་མི་དང་ རྫོང་ཁའི་ནང་འབད་བ་ཅིན་ ཡོངས་འབྲེལ་གདོང་དེབ་ཟེར་ ཡོངས་གྲགས་ཡོད་མི་དེ་དང་ ཊིའུ་ཊར་བཟུམ་མའི་ བསམ་བཀོད་ཡོངས་འབྲེལ་ལ་སོགས་པའི་ མི་སྡེའི་བརྡ་བརྒྱུད་ཞབས་ཏོག་ ལག་ལེན་མ་འཐབ་མི་ འཛམ་གླིང་ག་ཏེ་ཡང་མེདཔ་ལས་ རྒྱལ་སྤྱིའི་གནས་ཚད་ནང་ ཁྱད་པར་སྦོམ་བཟོ་ཚུགས་པའི་ ནུས་ཤུགས་ཅན་གྱི་ ཡོངས་འབྲེལ་ཞབས་ཏོག་ཅིག་ཨིན་པའི་ ངོས་འཛིན་འབད་ཡོདཔ་ཨིན་པས།
འབྲུག་ལུ་ཡང་ འདི་བཟུམ་གྱི་མཐུན་རྐྱེན་ཚུ་ མི་མང་ཆེ་འབྲིང་ཆུང་གསུམ་ ཆ་མཉམ་གྱིས་ ལག་ལེན་འཐབ་དོ་ཡོད་པའི་ཁར་ རྒྱལ་སྤྱིའི་གནས་ཚད་ ཨེ་མི་རི་ཀ་ལ་སོགས་པའི་ རྒྱལ་ཁབ་ཀྱི་སྲིད་བློན་དང་ སྲིད་འཛིན་ཚུ་གིས་ཡང་ ལག་ལེན་འཐབ་དོ་ཡོདཔ་ལས་ ཡོངས་འབྲེལ་དེ་གི་ཐོག་ལས་ བརྡ་སྤེལ་འབད་མི་གིས་ སྐར་ཆ་༡ གི་ནང་འཁོད་ལུ་ འཛམ་གླིང་ནང་ ཁྱབ་སྤེལ་འབདཝ་ཨིན་པས།
དེ་འབད་ནི་དེ་གིས་ བཙག་འཐུའི་སྐབས་ སྲིད་ཚོགས་ཀྱིས་ གོ་སྐབས་ལེན་ཐོག་ལས་ ཡོངས་འབྲེལ་ཞབས་ཏོག་ཚུ་ ལག་ལེན་འཐབ་ནིའི་ འོས་འབབ་ཡོདཔ་ལས་ ལག་ལེན་འགོ་མ་བཙུགསཔ་ལས་ར་ ལྟ་རྟོག་གི་ལམ་ལུགས་ཚུ་ གྲ་སྒྲིག་འབད་ནིའི་དོན་ལུ་ བཙག་འཐུའི་བྱ་རིམ་ཚུ་ འཐབ་པའི་གནས་ཡུན་ནང་ མི་སྡེའི་ཡོངས་འབྲེལ་ཞབས་ཏོག་གི་ ལག་ལེན་དང་འབྲེལ་བའི་ སྲིད་བྱུས་ཅིག་ ཟིན་བྲིས་བཀོད་ནུག།
སྲིད་བྱུས་དེ་ནང་ སྲིད་ཚོགས་དང་ བརྡ་བརྒྱུད་ དེ་ལས མི་མང་གིས་ བཙག་འཐུའི་བྱ་རིམ་འཐབ་པའི་གནས་ཡུན་ལུ་ ཡོངས་འབྲེལ་ཞབས་ཏོག་ ལག་ལེན་འཐབ་ཐངས་དང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ ཡོངས་འབྲེལ་དང་འབྲེལ་བའི་ གནད་དོན་ཚུལ་མཐུན་དང་ ཚུལ་མིན་ གང་རུང་ ལག་ལེན་འཐབ་པ་ཅིན་ ལྷན་ཚོགས་ཀྱིས་ གདོང་ལེན་དང་ ངོས་ལེན་ཚུ་ ག་དེ་སྦེ་ར་ འབད་ནི་ཨིན་ན་ཚུ་གསལ་བཀོད་འབད་ནི་ཨིན་པས།
ཟིན་བྲིས་ནང་བཀོད་པའི་ སྲིད་བྱུས་དེ་ ཁ་ཙ་ ལྷན་ཚོགས་ཀྱིས་ བརྡ་བརྒྱུད་ངོ་ཚབ་ཚུ་དང་ རྒྱལ་ཁབ་ནང་ ཡོངས་འབྲེལ་ཞབས་ཏོག་འགོ་འདྲེན་འཐབ་མི་ འབྲུག་བརྒྱུད་འཕྲིན་དང་ བརྡ་དོན་བརྒྱུད་འབྲེལ་དང་འབྲེལ་བའི་ ཁྲིམས་མཐུན་གྱི་དབང་འཛིན་ འབྲུག་བརྡ་དོན་བརྒྱུད་འབྲེལ་དབང་འཛིན་གྱི་ འགོ་དཔོན་ཚུ་དང་ གྲོས་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།
གྲོས་བསྡུར་སྐབས་ འཐུས་མི་ལ་ལུ་ཅིག་གིས་ སྲིད་བྱུས་ཀྱི་ ཟིན་བྲིས་བཀོད་དེ་འབད་རུང་ ལག་ལེན་འཐབ་ནིའི་ནང་ བྱ་སྟབས་བདེ་ཧིང་ཚུ་ ག་དེ་སྦེ་འོང་ག་ཟེར་ བསམ་བཀོད་འབད་མི་དེ་ཡང་ ཡོངས་འབྲེལ་ལག་ལེན་འཐབ་མི་ མང་ཤོས་ར་ རང་སོའི་ ངོ་སྤྲོད་གསལ་བཀོད་མེད་པར་ རྫུས་བཟོའི་ཐོག་ ལག་ལེན་འཐབ་དོ་ཡོདཔ་ལས་ དེ་གིས་ བཙག་འཐུའི་སྐབས་ རང་གིས་དགའ་མི་དང་ མ་དགའ་མིའི་སྲིད་ཚོགས་དང་ འདེམས་ངོ་ཚུ་ལུ་ སྐྱོན་བརྗོད་དང་ རྒྱབ་སྐྱོར་ཀྱི་ བརྡ་སྤེལ་འབད་བ་ཅིན་ ཁྲིམས་མཐུན་གྱི་ ངོས་ལེན་ཚུ་ ག་དེ་སྦེ་ འཐབ་ཚུགས་ག་ཟེར་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་དྲགོས་ཀུན་བཟང་དབང་འདུས་ཀྱིས་ ཡོངས་འབྲེལ་ལག་ལེན་འཐབ་མི་ཚུ་གིས་ འབྲུག་བརྒྱུད་འཕྲིན་གྱི་ རྒྱབ་སྐྱོར་ཐོག་ལས་ རྗེས་དཔྱད་འབད་ནིའི་ གདམ་ཁ་ཡོདཔ་འོང་ཟེར་ སླབ་ཨིན་རུང་ འབྲུག་བརྒྱུད་འཕྲིན་གྱི་ འགོ་དཔོན་ཅིག་གིས་ འབད་བ་ཅིན་ ལས་སྡེ་ལུ་ཡང་ ཁྲིམས་མཐུན་གྱི་ རྒྱབ་སྐྱོར་འབད་ནིའི་ འོས་འབབ་ཚད་ཅིག་ལས་བརྒལ་མེད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ མི་སྡེའི་ཡོངས་འབྲེལ་ཞབས་ཏོག་ ཕེསི་བུཀ་བཟུམ་ཅིག་ནང་འབད་བ་ཅིན་ འགོ་ཐོག་ལས་ར་ འབྲུག་གི་ བཙག་འཐུའི་བྱ་རིམ་འཐབ་པའི་ གནས་ཡུན་དེ་ནང་ ཚུལ་མིན་སྐྱོན་བརྗོད་ལ་སོགས་པའི་ བརྡ་སྤེལ་གྱི་རིགས་ བཀག་ཆ་འབད་དགོ་པའི་ ཡི་གུ་གཏང་པ་ཅིན་ ཡོངས་འབྲེལ་འགོ་འདྲེན་འཐབ་མི་ཚུ་གིས་ རྒྱབ་སྐྱོར་འབད་ནིའི་ ལམ་ལུགས་ཅིག་ འདུག་ཟེར་ཨིན་པས།
སྲིད་བྱུས་དེ་ མཐའ་བཅད་མ་བཟོ་བའི་སྔ་གོང་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་མཐུན་པའི་ གནས་སྟངས་ཚུ་ བལྟ་ཞིབ་འབད་དགོཔ་ཡོད་རུང་ སྲིད་བྱུས་དེ་ དགོས་མཁོ་དང་བསྟུན་པའི་ དུས་ཚོད་ཁར་ཨིན་མས་ཟེར་བཤད་ཅི།
ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ལུ་ཡང་ སྲིད་བྱུས་དང་འབྲེལ་བའི་ བསམ་བཀོད་ཀྱི་ རྒྱབ་སྐྱོར་ཞུ་བའི་ལན་ལུ་ སྲིད་བྱུས་དེ་ ནང་འཁོད་ཀྱི་ དོན་ཚན་ཚུ་དང་འཁྲིལཝ་ད་ ཁྲིམས་ལུགས་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པའི་ཁར་ གྲོས་བསྡུར་ནང་ བཅའ་མར་གཏོགས་མི ལ་ལུ་ཅིག་གིས་འབད་བ་ཅིན་ འབད་ཆོག་དང་ མི་ཆོག་གི་དོན་ཚན་ཚུ་ མང་སུ་ཡོདཔ་ལས་ ཁྲིམས་ལུགས་སྦེ་ ལག་ལེན་འཐབ་པ་ཅིན་ཟེར་ བསམ་བཀོད་འབད་རུང་ ལྷན་ཚོགས་ཀྱིས་ སྲིད་བྱུས་དེ་ བསྐྱར་ཞིབ་འབད་དེ་ ད་རུང་ འབྲེལ་ཡོད་ལྷན་ཁག་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཆ་འཇོག་ འབད་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment