གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་ཁྲོམ་ཁར་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་དཀའ་ངལ།

༡༣/༩/༢༠༡༢   ༉ རྒྱལ་པོའི་ཞིང་ཁྲོམ་ཁར་ སྡོད་མི་ཚུ་གི་དོན་ལུ་ འདས་པའི་ཟླཝ་༥ དེ་ཅིག་གི་ ཧེ་མ་འབད་བ་ཅིན་ གཞུང་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཅིག་ ལྷོད་ནི་ཨིན་ཟེར་ སླབ་མི་དེ་ ད་ལྟོའི་བར་ན་ཡང་ ལྷོད་ནི་མེདཔ་ལས་ ཕྱགས་སྙིགས་ཚུ་ལུ་བརྟེན་ བྱ་སྟབས་མ་བདེཝ་ཐོན་དོ་ཡོདཔ་ལས་ ཚོང་པ་དང་ ཞི་གཡོགཔ་ཚུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ཁྲོམ།


ཧེ་མ་འབད་བ་ཅིན་ མོང་སྒར་ཁྲོམ་སྡེ་ལས་འཛིན་གྱིས་ རྒྱལ་པོའི་ཞིང་ཁྲོམ་ཁར་ སྡོད་མི་ཚུ་གི་དོན་ལུ་ བདུན་ཕྲག་༡ ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཅིག་ བཏང་སྲོལ་ཡོད་མི་དེ་ ད་རེས་ནངས་པ་ འོང་མ་བཏུབ་ལས་ ཁྲོམ་གྱི་མཐའ་འཁོར་ཚུ་  གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་ལུ་ ཚ་དྲོད་ཆེ་ནི་དེ་གིས་ ཉིནམ་༡ ལུ་ར་ ཕྱགས་སྙིགས་ཚུ་ རུལ་འགྱོ་དོ་ཡོདཔ་ལས་ བྱ་ཐབས་མེད་པར་ ཕད་ཙེ་ནང་ འདེགས་བཞག་དགོཔ་ཐོནམ་ལས་ ཕྱགས་སྙིགས་ཀྱི་ རུལ་དྲི་ལུ་བརྟེན་ སྦྱངམ་ཚུ་ཁྱིམ་ནང་འོང་སྟེ་ འབད་མ་ཚུགས་པའི་ཁར་ འཕྲོད་བསྟེན་ལུ་ཡང་ གནོད་པ་སྦོམ་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་ཡང་ ད་རེས་ནངས་པ་ ཁྲོམ་ཁར་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་མེད་པའི་བསྒང་ལས་ མི་ལ་ལུ་ཅིག་གིས་ ཁོང་རའི་ ཁྱིམ་དེ་ར་ ཧིང་སངས་ས་སྦེ་ བཞག་ནི་མ་གཏོགས་ ཕྱགས་སྙིགས་ཚུ་ ནུབ་མོ་ ག་ལྷོད་བཀོག་བཞག་དོ་ཡོདཔ་ད་ མང་ཤོས་ཅིག་གིས་ བདུན་མཐའི་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལས་ཕར་ བཀོག་བཞག་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ཚོང་པ་ ཀུན་བཟང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁྲོམ་སྡེ་ལས་འཛིན་གྱི་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་གྱི་ རེ་ཆེ་བསྐྱེད་དེ་ཡོད་རུང་ སྣུམ་འཁོར་ལྷོད་ནི་མེད་པའི་བསྒང་ལས་ ཕྱགས་སྙིགས་ཚུ་ རང་སོའི་སྒོ་ཁ་རུལ་ཏེ་ ལུས་དོ་ཡོདཔ་ལས་ ནད་གཞི་ཚུ་འཐོབ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ས་ཁོངས་དེ་ནང་ སྣུམ་འཁོར་དང་ མི་ཚུ་ ལོ་གཅིག་བ་ལོ་གཅིག་ མང་སུ་ལྷོད་དོ་ཡོདཔ་ལས་ ཕྱགས་སྙིགས་སྒྲོམ་ཚུ་ ཉིནམ་༡ ལུ་ར་ གང་དོ་ཡོདཔ་ད་ རང་ལུ་སྣུམ་འཁོར་མེད་པའི་བསྒང་ལས་ བྱ་ཐབས་མེད་པར་ ཕྱི་ཁ་ལས་ཕར་ གཡིབ་སྟེ་ བཀོག་དགོཔ་འཐོནམ་མས་ཟེར་ཨིན་པས།
ད་རུང་ ཚོང་པ་གཞན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ འབྲེལ་ཡོད་ཡིག་ཚང་ལུ་ སྙན་ཞུ་འབད་རུང་ ལན་གསལ་ཅིག་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་པོའི་ཞིང་ཁྲོམ་ནང་སྡོད་མི་ཚུ་གིས་ བདུན་ཕྲག་༡ ལུ་ ཕྱགས་སྙིགས་སྣུམ་འཁོར་ཊཱག་༡ དེ་ཅིག་ ཐོནམ་མས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ གཞུང་གི་སྲིད་བྱུས་ལྟར་དུ་འབད་བ་ཅིན་ རྒྱལ་ཁབ་ནང་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་མ་ཆོག་པའི་ ཁྲིམས་ལུགས་དམ་དམ་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་ ཁྲིམས་ལུགས་ལུ་ གནས་དགོ་པ་ཅིན་ གཞུང་གིས་འབད་རུང་་ མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ ཁག་ཆེ་བས་ཟེར་ཨིན་པས།
རྒྱལ་པོའི་ཞིང་ཚོགས་པ་ པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁྲོམ་གྱི་ས་ཁོངས་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་མེད་པའི་ དཀའ་ངལ་བྱུང་མི་དེ་ ངེས་བདེན་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ལྷོདཔ་མས་ཟེར་ཨིནམ་ད་ ཨིན་རུང་ རྒྱལ་པོའི་ཞིང་ཁྲོམ་ཁར་ འཕྲལ་འཕྲལ་སྦེ་ར་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ སྣུམ་འཁོར་ཊེག་ཊར་ཅིག་ཡོད་མི་དེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་ལུ་ ཆ་རོགས་འབད་དེ་ཡོད་ཟེར་ཨིན་པས།
མོང་སྒར་ཁྲོམ་སྡེ་ཡིག་ཚང་གི་ བཟོ་རིག་འགོ་དཔོན་ བཀྲིས་ནོར་བུ་ཤེར་པ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ མོང་སྒར་ཁྲོམ་སྡེ་ཡིག་ཚང་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་༣ ཡོད་ས་ལས་༢ མེདཔ་ཐལ་ཡོདཔ་ལས་ མེདཔ་ཐལ་མི་ཅ་ཆས་ཚུ་ ལྷོད་པའི་བསྒང་ལས་ དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ཕྱགས་སྙིགས་ལུ་བརྟེན་ སྟབས་མ་བདེཝ་ཐོན་པའི་སྐབས་ལུ་ ཁྲོམ་གྱི་ཚོགས་པ་གིས་ ཁྲོམ་སྡེ་ལས་འཛིན་ཡིག་ཚང་ནང་ སྙན་ཞུ་འབད་བ་ཅིན་ ཁྲོམ་སྡེ་ཡིག་ཚང་གིས་ སྒེར་གྱི་སྣུམ་འཁོར་ གླ་ཁར་ལེན་ཐོག་ལས་ ཕྱགས་སྙིགས་བསྡུ་བར་ གཏང་ནི་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་པོའི་ཞིང་ཁྲོམ་ཁར་ སྒྲིང་ཁྱིམ་༤༠ ལྷགཔ་ཅིག་ཡོད་མི་ཚུ་ལས་ བདུན་ཕྲག་ཨ་རྟག་ར་ ཕྱགས་སྙིགས་མེ་ཊིག་ཊཱོན་༡ དེ་ཅིག་ ཐོན་དོ་ཡོདཔ་ད་ ཕྱགས་སྙིགས་བཀོ་སའི་ས་ཁོངས་དེ་ རྒྱལ་པོའི་ཞིང་ཁྲོམ་ལས་ ཀུ་རི་ཟམ་པ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༢ དང་ཕྱེད་ དེ་ཅིག་ལུ་ མཚོ་སྐོར་ཟེར་སར་ ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment