གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་དང་ ཀྲོང་གསར་བར་ནའི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་ ནངས་པ་ལས་ ལོག་འགོ་བཙུགས་ནི།

༡༢/༩/༢༠༡༢   ༉ ནངས་པ་ལས་ དབང་འདུས་དང་ ཀྲོང་གསར་བར་ནའི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ ལོག་འོག་བཙུགས་ནི་ཨིནམ་ད་ གཞུང་ལམ་དེ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༤ ལུ་ ལཱ་གི་ཉོགས་མེད་ལག་ཁྱེར་ བསྐྱར་གསོ་མ་འབད་བའི་ གནད་དོན་ཐོག་ལུ་ ད་ལྟོ་ཚུན་ བཀག་འཛིན་འབད་བཞག་ནུག།
རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་ དབང་འདུས་དང་ ཀྲོང་གསར་བར་ནའི་གཞུང་ལམ།


ས་གནས་ ཏི་ཀི་ཟམ་པ་དང་ ཆུ་སེར་བུ་གི་སྦུག་ནང་ ས་ཁོངས་༥ ནང་ གཞུང་ལམ་རྒྱ་བསྐྱེད་འབད་མི་ སྒེར་གྱི་ལས་སྡེ་༥ ཡོདཔ་ད་ ཁོང་གིས་ ཉོགས་མེད་ལག་ཁྱེར་ བསྐྱར་གསོ་མ་འབད་བའི་ གནད་དོན་གྱི་ཐོག་ལུ་ བཀག་འཛིན་འབད་བཞག་མི་དེ་གིས་ སྒེར་པ་ཚུ་ལུ་ གྱོང་རྒུད་སྦོམ་ར་ ཕོག་ཡི་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།
དེ་ཡང་ ས་གནས་ནོརབུ་སྡིངས་ལུ་ གཞུང་ལམ་རིང་ཚད་ ཀི་ལོ་མི་ཊར་༡ དེ་ཅིག་ ལམ་རྒྱ་བསྐྱེད་འབད་མི་ ཟླ་བ་སྒྲོལ་མ་གིས་ སླབ་མིའི་ནང་ ལཱ་བཀག་འཛིན་འབད་མི་དེ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་སྟོང་ཕྲག་༦༠ དང་༧༠ གྱི་བར་ན་ གྱོང་རྒུད་ཕོག་དོ་ཟེར་ཨིནམ་ད་ དེ་ཚུ་ ས་རྐོ་འཕྲུལ་ཆས་ གླ་ཁར་ལེན་མི་དང་ ལས་བྱེད་༡༢ ལུ་ ཟླ་རིམ་དངུལ་ཕོགས་རྩིས་རྐྱབ་སྟེ་ཨིན་པས།
དེ་བཟུམ་སྦེ་ ཤར་དགའ་གཞི་ཁ་ས་ཁོངས་ནང་ ལཱ་འབད་མི་ རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ ལཱ་འབད་ནིའི་དོན་ལུ་ དངུལ་ཁང་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ དེ་ཅིག་ལེན་མི་དེ་ གྱོང་རྒུད་ཀྱི་ཐོག་ལུ་ སྡོད་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལཱ་བཀག་འཛིན་འབདཝ་ལས་ཚུར་ དངུལ་ཀྲམ་འབུམ་༢ དེ་ཅིག་ འཕྲུལ་ཆས་གླ་ཁར་ལེན་མི་དང་ ལས་བྱེདཔ་ལུ་ གླ་ཆ་སྤྲོད་མི་དེ་ གྱོང་རྒུད་ཨིན་མས་ཟེར་ཨིན་པས།
དེ་ཡང་ ལཱ་གི་ཆོག་ཐམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ སྤྲོད་ཡོདཔ་ད་ ཁོང་གིས་སྤྲོད་མི་ ཆོག་ཐམ་ནང་ བསྐྱར་གསོ་འབད་དགོ་པའི་སྐོར་ལས་ ག་ནི་ཡང་ འཁོད་དེ་མེདཔ་ལས་ ལཱ་འབད་ནི་དེ་གིས་ ཤུལ་ལས་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ བཀག་འཛིན་འབད་ཡོདཔ་ཨིན་པས།
བཀག་འཛིན་འབད་མི་དེ་ རང་བཞིན་གནས་སྟངས་ཀྱི་ བཅའ་ཁྲིམས་༢༠༠༠ ཅན་མ་དང་འཁྲིལ་བ་ཅིན་ ལས་སྡེ་དང་ ལྷན་ཁག་གིས་ ཁོང་རང་གིས་ ཉོགས་མེད་ལག་ཁྱེར་སྤྲོད་མི་ཆོག་ཟེར་ཡོདཔ་བཞིན་དུ་ བཀག་འཛིན་འབད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཉོགས་མེད་ལག་ཁྱེར་དེ་ ལས་སྡེ་དང་ ལྷན་ཁག་ཚུ་གིས་ བྱིན་པ་ཅིན་ རང་བཞིན་གནས་སྟངས་ལུ་ ཐོ་ཕོག་འོང་ཟེར་ཨིནམ་ད་ དེ་ཡང་ ལམ་སེལ་ལས་ཁུངས་བཟུམ་ཅིག་འབད་བ་ཅིན་ ཁོང་གི་དམིགས་ཡུལ་དེ་ ལམ་བཏོན་ནི་དེ་ཨིནམ་ལས་ ལཱ་དེ་ སྒེར་སྡེ་ལུ་ རིན་མེད་སྟོང་པར་སྦེ་ སྤྲོད་ནུག་ཟེར་ཨིནམ་ད་ ལཱ་འབད་མི་གིས་ ཁེ་ཕན་དེ་ ལམ་སེལ་བའི་སྐབས་ རྡོ་བཏོན་མི་དེ་ བཙོང་དོ་ཡོདཔ་ལས་ ཁོང་གིས་ རང་བཞིན་གནས་སྟངས་ཀྱི་ གནོད་སྐྱོན་ཚུ་ བལྟ་ནི་མེདཔ་ཨིན་པས།
ལྷན་ཚོགས་ཀྱིས་ དེ་བཟུམ་གྱི་ གསལ་བསྒྲགས་མ་འབད་ཚུན་ ལམ་སེལ་ལས་ཁུངས་ཀྱིས་ གཞུང་ལམ་རྒྱ་བསྐྱེད་ལཱ་གི་  ཉོགས་མེད་ལག་ཁྱེར་ཚུ་ ཁོང་རང་གིས་ སྤྲོད་དོ་ཡོདཔ་ད་ ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ལས་རོགསཔ་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གི་ལམ་ལུགས་དང་འཁྲིལཝ་ད་ ཉོགས་མེད་ལག་ཁྱེར་དེ་ ལཱ་མཇུག་མ་བསྡུ་ཚུན་ ལཱ་འབད་ཆོག་ཟེར་ཨིན་པས།
དེ་མ་ཚད་ ལམ་ལུགས་དང་འཁྲིལཝ་ད་ ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ སྒེར་གྱི་ས་ནང་ཨིན་པ་ཅིན་ ས་ཚབ་དང་ ས་འཐུས་སྤྲོད་དགོཔ་སྦེ་ཡང་ ཡོདཔ་ཨིན་པས།
ད་རེས་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འཁྲིལཝ་ད་ ལཱ་འབད་ནིའི་དོན་ལུ་ རྒེད་འོག་དང་ མི་སེར་ཚུ་ལས་ཉོགས་མེད་ཡིག་གུ་ ལེན་པའི་ཤུལ་ལས་རྐྱངམ་གཅིག་ རྫོང་ཁག་གིས་ ཉོགས་མེད་ལག་ཁྱེར་བྱིན་འོང་ཟེར་ རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment