གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒྱིད་དར་ཕུག་ རྡོ་བཏོན་འཕྲུལ་ཁང་གི་ ནགས་ཚལ་ཉོགས་མེད་ཡི་གུ་ལུ་ དོགས་སྣང་།

༡༢/༩/༢༠༡༢    ༉ ད་རེས་ནངས་པ་ ཐིམ་ཕུ་སྨད་ཝང་རྒེད་འོག་ སྒྱིད་དར་ཕུག་སྟོད་ལུ་ རྡོ་བཏོན་འཕྲུལ་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ འཁོར་ལམ་ལ་སོགས་པའི་ གཞི་རྟེན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་རུང་ ནགས་ཚལ་སྡེ་ཚན་གྱིས་ ནགས་ཚལ་གྱི་ ཉོགས་མེད་ཡི་གུ་༢ སྤྲོད་མི་ལུ་ ས་གཏེར་མཁས་མཆོག་ལ་ལུ་ཅིག་གིས་ དྲི་བཀོད་འབདཝ་ཨིན་པས།


དེ་ཡང་ ཐིམ་ཕུ་ནགས་ཚལ་སྡེ་ཚན་གྱིས་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༣ ལུ་ ཐིམ་ཕུ་རི་བར་བིའུ་ཟ་ཁང་གི་ཇོ་བདག་ ཀུན་ལེགས་དབང་ཕྱུག་ལུ་ སྒྱིད་དར་ཕུག་སྟོད་ལུ་ གཞུང་ས་ཨེ་ཀར་༢༥ གླར་སྤྱོད་ཐོག་ རྡོ་ཕྱིར་བཏོན་འབད་ནིའི་དོན་ལུ་ ནགས་ཚལ་ལུ་ གནོད་པ་མེད་པའི་ ཉོགས་མེད་གནང་བའི་ ཡི་གུ་ཅིག་བཏོན་ཐོག་ལས་ འདྲ་ཅིག་ རྫོང་ཁག་ས་ཆ་གླར་སྤྲོད་ཚོགས་ཆུང་གི་ ཁྲི་འཛིན་ལུ་དང་ འདྲ་གཞན་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ བསྐྱལ་ཡོདཔ་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ མིང་རྟགས་བཀོད་དེ་ཡོད་མི་ ཉོགས་མེད་ཡི་གུའི་ནང་ རྡོ་བཏོན་འཕྲུལ་ཁང་གཞི་བཙུགས་ཀྱི་ གྲོས་འཆར་ཕུལ་མིའི་ ས་ཁོངས་དེ་ རང་བཞིན་དང་ ནགས་ཚལ་གྱི་ ཐོན་སྐྱེད་གངམ་མེད་པའི་ རྡོ་རོང་དང་ རི་རྩུབ་དྲགས་ཡོད་མིའི་ནང་ ཚུད་ཡོདཔ་བཞིན་དུ་ དེ་ཡང་ སྦྱིས་ཤིང་༣༠ དང་ བ་ཤིང་༡༥ སྟོང་ཕུ་ཤིང་༤༠ ཧེམ་ཤིང་༣ ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ རྡོ་བཏོན་འཕྲུལ་ཁང་དེ་ ས་ཆ་ཨེ་ཀར་༢༥ གི་ནང་འཁོད་ལུ་ གཞི་བཙུགས་ཐོག་ ལག་ལེན་འཐབ་དགོཔ་སྦེ་བཀོད་ནུག།
ནགས་ཚལ་ཉོགས་མེད་ཡི་གུ་བཏོན་ཏེ་ བདུན་ཕྲག་༢ ཀྱི་ཤུལ་ལས་ ཉོགས་མེད་གནང་བ་༢ བཏོན་ཐོག་ལས་ ཧེ་མའི་གནང་བ་དེ་ ཆ་མེད་བཏང་ཡོདཔ་མ་ཚད་ རྡོ་བཏོན་ས་ཁོངས་ཡང་ ཨེ་ཀར་༢༥ ལས་༦༥ ལུ་ ཡར་སེང་རྐྱབ་ནུག།
གཞུང་དབང་ནགས་ཚལ་ས་ཆ་ཨེ་ཀར་༦༥ གི་ ཉོགས་མེད་གནང་བའི་ ཡི་གུ་དེ་ སྤྱི་ལོ་༢༠༡༡ ཟླཝ་༦ པའི་ཚེས་༡༧ ལུ་ བཏོན་ཡོད་རུང་ ཤིང་གི་གྱངས་ཁ་ཚུ་ལུ་ བསྒྱུར་བཅོས་མེད་པར་ ཧེ་མའི་ས་ཆ་ཨེ་ཀར་༢༥ ནང་ཡོད་མི་དེ་ར་ གསལ་བཀོད་འབད་ཡོདཔ་ད་ ས་ཆ་ཨེ་ཀར་༤༠ ཡར་སེང་སོང་རུང་ ཤིང་གི་གྱངས་ཁ་ཕུད་རྡོག་གཅིག་ཡང་ ཡར་སེང་མེད་མི་ལུ་ལྟཝ་ད་ ས་ཆ་ཨེ་ཀར་༤༠ ག་ར་ རྡོ་རིང་དང་ ས་ཆ་སྟོངམ་ཡོདཔ་སྦེ་ གསལ་སྟོན་འབད་དོ་ཡོདཔ་ལས་ དེ་ལུ་ དོགས་པ་སྦོམ་ཡོད་ཟེར་ ས་གཏེར་མཁས་མཆོག་ཅིག་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་དེ་ སྒྱིད་དར་ཕུག་རྐྱངམ་གཅིག་ལུ་མེན་པར་ ས་གཏེར་དང་འབྲེལ་བའི་ ལས་སྣ་ཚུ་གི་དོན་ལུ་ ནགས་ཚལ་སྡེ་ཚན་གྱིས་བྱིན་མི་ ཉོགས་མེད་ཡི་གུ་ཚུ་ནང་ ས་ཆ་ཨེ་ཀར་དང་ ཤིང་གི་གྱངས་ཁ་ཚུ་ རྟགས་མ་མཐུནམ་སྦེ་ འཕྲལ་འཕྲལ་ར་ གསལ་བཀོད་འབད་དེ་ བསྐྱལ་ནི་ཡོད་ཟེར་ ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་གཡང་ལེགས་ཀྱིས་ བཤདཔ་ཨིན་པས།
ས་གཏེར་ཕྱིར་བཏོན་གྱི་དོན་ལུ་ འགོ་ཐོག་གི་ ས་ཆ་ལས་ ཨེ་ཀར་༡༠ དེ་ཅིག་ ཡར་སེང་སོང་རུང་ ཤུལ་ལས་ ནགས་ཚལ་གྱི་ ཉོགས་མེད་ཡི་གུའི་ནང་ ཧེ་མའི་གནང་བ་ནང་བཀོད་མི་ ཤིང་གི་གྱངས་ཁ་དེ་ར་ གསལ་བཀོད་འབད་མི་ལུ་ལྟཝ་ད་ ལོག་ནགས་ཚལ་ནང་ བརྟག་ཞིབ་འབད་བར་ འགྱོ་ནི་ལུ་ འཚེར་སྣང་བྱུང་དོ་ཡོདཔ་འོང་ནི་མས་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་ཨིན་པས།
ཨིན་རུང་ ས་གཏེར་ལས་ཁུངས་ཀྱིས་ ཧེ་མའི་ནགས་ཚལ་གྱི་ ཉོགས་མེད་གནང་བ་ལུ་ གཞི་བཞག་སྟེ་ ས་ཆ་ཨེ་ཀར་༢༥.༣༨ རྐྱངམ་གཅིག་ནང་ བརྟག་ཞིབ་འབད་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ཀུན་ལེགས་དབང་ཕྱུག་དང་ རྡོ་ཕྱིར་བཏོན་གྱི་ གླར་སྤྱོད་གན་ཡིག་གུ་ མིང་རྟགས་བཀོད་ཡོདཔ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་ཆ་ཨེ་ཀར་༦༥ གླར་སྤྱོད་ཀྱི་ གནང་བ་གྲུབ་རུང་ གླར་སྤྱོད་འབད་མི་དེ་གིས་ ས་ཆ་ཨེ་ཀར་༢༥.༣༨ ཀྱི་ནང་འཁོད་ལུ་མ་གཏོགས་ དེ་ལས་བརྒལ་ཏེ་ རྡོ་བཏོན་མི་ཆོག་ཟེར་ ས་གཏེར་འགོ་འཛིན་ སངས་རྒྱས་འཕྲིན་ལས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment