གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ རིན་བསྡུར་ཁང་ སྒོ་འབྱེད་འབད་ཡོདཔ།

༧/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ རྒྱལ་ས་ལྟེ་བ་ཐིམ་ཕུ་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ལུ་སྦེ་ ཚོད་བསྲེའི་རིན་བསྡུར་ཁང་ སྒོ་འབྱེད་འབད་མི་དང་བསྟུན་ རྫོང་ཁག་༦ གི་ མི་སེར་སོ་ནམ་པ་༥༠ ལྷགཔ་ཅིག་གིས་ ཚོད་བསྲེའི་རིགས་ཚུ་ རིན་བསྡུར་ནང་བཙུགས་ནིའི་དོན་ལུ་ འབག་འོང་ཡོདཔ་བཞིན་དུ་ རིན་བསྡུར་ནང་བཙུགས་ཏེ་ ཚོང་སྒྱུར་འཐབ་མི་གིས་ ཁོང་ལུ་ ཁེ་སང་མིན་པར་ རྒུད་ཕོག་དོ་ཡོདཔ་ལས་ སེམས་དང་མ་ལྡན་པར་ ཡོདཔ་ཨིན་པས། 
ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ ཚོད་བསྲེ་ཚུ་ རིན་བསྡུར་འབད་བའི་བསྒང་།


ཨིན་རུང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ དམིགས་གཏད་འབད་བ་ཅིན་ ནུབ་བྱང་ཕྱོགས་ཀྱི་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ ཚོང་སྒྱུར་ཁང་ འགོ་དང་པ་བཙུགས་ཡོདཔ་ལས་ མི་སེར་སོ་ནམ་པའི་ དངུལ་ཐོག་གི་འོང་འབབ་ སྦོམ་བཟོ་ཚུགས་ཐབས་ལུ་ཨིན་ཟེར་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ ཚོང་སྒྱུར་མཉམ་འབྲེལ་ལས་ཁུངས་དང་ འབྲུག་ཟ་སྤྱོད་ལས་འཛིན་གཉིས་ མཐུན་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཚོང་སྒྱུར་ཁང་སྒོ་འབྱེད་རྟེན་འབྲེལ་དེ་ སོ་ནམ་དང་ནགས་ཚལ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་མཆོག་གིས་ མཛད་གནང་ཡི།
ཚོང་སྒྱུར་མཉམ་འབྲེལ་ལས་ཁུངས་ལས་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་སྦེ་ རིན་བསྡུར་གྱི་དོན་ལུ་ ཚོང་སྒྱུར་ཁང་གཞི་བཙུགས་འབད་དགོ་མི་དེ་ དང་པ་ ཐིམ་ཕུ་ དབང་འདུས་ སྤུ་ན་ཁ་ སྤ་རོ་ ཆུ་ཁ་ དེ་ལས་ རྩི་རང་རྫོང་ཁག་གི་ མི་སེར་སོ་ནམ་པའི་ ཚོད་བསྲེ་རིགས་ཀྱི་ཐོན་སྐྱེད་དང་ སོ་ནམ་ཐོན་སྐྱེད་ཀྱི་ དངུལ་ཐོག་ འོང་འབབ་ལེགས་ཤོམ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གནད་དོན་གཉིས་པ་དེ་ སོ་ནམ་པ་ མི་ངོ་རང་རྐྱང་གི་ ཚོད་བསྲེ་ཚུ་ གླ་འཁོར་དང་ སྣུམ་འཁོར་ཚུ་ལུ་ གླ་འཐུས་སྦོམ་སྤྲོད་དེ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ ཚོད་བསྲེ་ཁྲོམ་ཁར་ ཚོང་འབྲེལ་འཐབ་པར་འགྱོ་མ་དགོ་ནི་དང་ ཉིན་གྲངས་ལས་བཅད་དེ་ ལཱ་སྟོང་ཆགས་ཏེ་ སྡོད་མི་དགོ་ནི་ ཚོང་སྒྱུར་དེ་ཡང་ དུས་ཚོད་ཁར་འབད་ཚུགསཔ་བཟོ་ནི་ ལྷག་པར་དུ་ རང་གི་ལཱ་ གཞན་འབད་ཚུགས་ནིའི་འོས་འབབ་ལུ་བལྟ་སྟེ་ ཚོང་སྒྱུར་ཁང་སྒོ་ཕྱེ་ཡི་ཟེར་ཨིན་པས།
འབྲུག་ཟ་སྤྱོད་ལས་འཛིན་ལས་ འགོ་དཔོན་སངས་རྒྱས་དབང་འདུས་ཀྱིས་ ནུབ་བྱང་ཕྱོགས་ཀྱི་ རྫོང་ཁག་གི་ མི་སེར་སོ་ནམ་པ་ཚུ་གི་ དོན་ལུ་ ཐིམ་ཕུ་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ལུ་སྦེ་ ཚོང་སྒྱུར་ཁང་སྒོ་ཕྱེ་ཡི་ཟེར་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ དངུལ་ཐོག་གི་འོང་འབབ་ལེགས་ཤོམ་བཟོ་སྟེ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགསཔ་བཟོ་ནི་དང་ གཞུང་གི་སྲིད་བྱུས་དང་འཁྲིལ་ རུ་པི་མ་ལང་པའི་དཀའ་ངལ་བསལ་ནི་ དེ་ལས་ ཚོང་མགྲོན་འཐབ་མི་ཚུ་གི་དོན་ལུ་ ཚོད་བསྲེའི་གོང་ཚད་ཚུ་ གཏན་འཁེལ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཨིན་རུང་ ཆུ་ཁ་རྫོང་ཁག་ དར་ལ་ལས་ སྐྱེས་ལོ་༢༦ ལང་མི་ དཱན་ཀུ་མར་ མོང་གཱར་གྱིས་ སླབ་མི་དང་འཁྲིལཝ་ད་ ཁོ་གིས་ གཡུས་སྒོའི་མི་སེར་སོ་ནམ་པ་ཚུ་ལས་ ཚོད་བསྲེ་བསྡུ་ལེན་འབད་དེ་ ཨེ་མ་ཀེ་ཇི་༥༠ དང་ སྲནམ་ཅུམ་ཀེ་ཇི་༡༦ ཀ་ཀུ་རུ་ ཀེ་ཇི་༩༥ ཀེ་བ་ ཀེ་ཇི་༡༠༠ དོ་ལོམ་ ཀེ་ཇི་༡༤ བླམ་བན་ད་ ཀེ་ཇི་༢༥ དེ་ལས་ སྲནམ་ཅུམ་སྦལ་ཁ་ ཀེ་ཇི་༧༢ ལུ་ དངུལ་ཀྲམ་༤༠,༠༠༠ སྤྲོད་དེ་ འབག་འོང་མི་དེ་ ཚོང་སྒྱུར་ཐོག་ལས་ ཚོང་འབྲེལ་འཐབ་ད་ དངུལ་ཀྲམ་༢༥,༠༠༠ ལས་བརྒལ་ ཐོབ་མ་ཚུགསཔ་ལས་ དངུལ་ཀྲམ་༡༥,༠༠༠ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་ལས་ ཁེ་སང་ག་ཅི་ཡང་མིན་འདུག་ཟེར་ཨིན་པས།
འདི་དང་ཕྱདཔ་ད་ ཐིམ་ཕུ་ལུ་ རིན་བསྡུར་ནང་ ཚོང་སྒྱུར་འཐབ་ནི་དེ་བཞག་སྟེ་ དགེ་འདུ་ལུ་སྦེ་ ཚོང་འབྲེལ་འཐབ་པ་ཅིན་ ཁེ་སང་ཆེ་ནི་ཨིནམ་ལས་ ཤུལ་མའི་བདུན་ཕྲག་ནང་ འབག་མི་འོང་ཟེར་ཨིན་པས།
ཐིམ་ཕུ་ དགེ་བསྙེན་ཁ་གཡུས་ཚན་ལས་ སྐྱེས་ལོ་༤༢ ལང་མི་ ཨམ་འཆི་མེད་དབང་མོ་གིས་ ཀོ་པི་ཕད་ཙེ་༧ འབག་འོང་ཡོད་མི་དེ་ རིན་བསྡུར་ནང་བཙོངམ་ད་ དངུལ་ཀྲམ་༡༥༠༠ ལས་བརྒལ་ཐོབ་མ་ཚུགསཔ་ལས་ སེམས་ཕམ་ཡོདཔ་ད་ མོ་གིས་ ཚོད་བསྲེ་ཚུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ ཚོང་འབྲེལ་འབདཝ་ད་ ཀོ་པི་ཕད་ཙེ་རེ་ལས་ དངུལ་ཀྲམ་༤༠༠ ལྷག་སྟེ་ ཐོབ་དོ་ཡོདཔ་ལས་ ད་རེས་འབག་འོང་མི་ཚོད་བསྲེ་ཚུ་ ཁྲོམ་ཁར་བཙོང་པ་ཅིན་ དངུལ་ཀྲམ་༢༨༠༠ ལྷགཔ་ཅིག་ ཐོབ་ཐོབ་འོང་ཟེར་ ཨིན་པས།
འགོ་དཔོན་སངས་རྒྱས་དབང་འདུས་ཀྱིས་ མི་སེར་སོ་ནམ་པ་ཚུ་གིས་ དུས་ཚོད་ག་དེམ་ཅིག་འཕྲོ་བརླག་གཏང་དོ་ཡོདཔ་ཨིན་ན་དང་ སྣུམ་འཁོར་ནང་ ཕར་ཚུར་སྐྱེལ་མི་ དེ་ལས་ ཉིནམ་༢ དང་༣ ཚོང་འབྲེལ་འཐབ་སྟེ་ སྡོད་དགོ་མི་ཚུ་ རྩིས་མ་རྐྱབ་པར་ དེ་འཕྲོ་ལས་ ཁེ་སང་རྐྱངམ་ཅིག་གི་མནོ་བསམ་བཏངམ་མས་ཟེར་ཨིན་པས།
མི་སེར་ཚུ་གི་དོན་ལུ་ འབྲུག་ཟ་སྤྱོད་ལས་འཛིན་གྱི་འགོ་དཔོན་ཚུ་གིས་ རིན་བསྡུར་ཚོང་སྒྱུར་ཁང་དེ་ བདུན་ཕྲག་རེའི་ནང་ ཚར་རེ་སྒོ་ཕྱེ་བཞག་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment