གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞལ་འཛོམས་ཐེངས་༩ འཚོགས་ཏེ་ ཐབས་ལམ་༢ དེ་ཅིག་ བཏོན་ཡོད་རུང་ མཐུན་འགྲིག་བྱུང་མ་ཚུགསཔ།

༧/༩/༢༠༡༢   རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་བཏོན་མི་ ཐབས་ལམ་དེ་གིས་ རྒེད་འོག་༢ ཆ་ར་ལུ་ ཆུའི་ཁྱབ་ཚད་ བརྒྱ་ཆ་ལས་ བརྒྱ་སྦེ་ཡོད་པའི་ཁར་ ས་ཞིང་ཚུ་ལུ་ཡང་ གནོད་སྐྱོན་མེདཔ་ཨིན་པས།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཀ་གཞི་དང་ འཕང་ཡུལ་རྒེད་འོག་༢ ཀྱི་བར་ན་ ཞིང་ཆུའི་གཡུར་བ་ བསལ་ནིའི་སྐོར་ལས་ རྩོད་རྙོགས་བྱུང་སྟེ་ ལོ་༡ དེ་ཅིག་སོང་ཡོད་མི་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་གཟིགས་ཞིབ་གནང་སྟེ་ཁ་ཉིནམ་མཇུག་བསྡུ་ཡི།
ལྕང་ལཱ་རྐྱབ་མ་ཚུགས་པར་ ལོ་ངོ་བཅུ་ཕྲག་༤ དེ་ཅིག་ སྟོངམ་སྦེ་ལུས་མི་ འཕང་ཡུལ་གྱི་ཆུ་ཞིང་ཚུ།


དེ་ཡང་ ཀ་གཞི་རྒེད་འོག་ དགོན་སྡེ་གཡུས་ཚན་ལས་ མི་༢༣ གྱིས་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཅར་ནི་དེ་གིས་ མི་དབང་མཆོག་གི་ བཀའ་བཞིན་དུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་ རྒེད་འོག་༢ ནང་ ཉིན་གྲངས་༣ གྱི་རིང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
རྩོད་གཞིའི་བྱུང་རྐྱེན་ངོ་མ་ར་ འཕང་ཡུལ་རྒེད་འོག་གི་ ཆུ་ཞིང་ཨེ་ཀར་༡,༠༠༠ དེ་ཅིག་ནང་ ཆུ་མེད་ནི་དེ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལོ་ངོ་བཅུ་ཕྲག་༤ དེ་ཅིག་ སྟོངམ་ལུས་པའི་སྐོར་ལས་ བརྡ་བརྒྱུད་ཅིག་ནང་ གནས་ཚུལ་ཐོན་པའི་ཤུལ་ལས་ སོ་ནམ་བློན་པོ་གིས་ ས་གནས་དེ་ཁར་ གཟིགས་ཞིབ་གནང་སྟེ་ ཆུའི་གཡུར་བ་གནང་ནི་སྦེ་ གསུངས་ཡོདཔ་ཨིན་པས།
དེ་ལས་ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ ཆུ་གཡུར་གྱི་ འོས་འབབ་བལྟ་ནིའི་དོན་ལུ་ ཁ་གསལ་རྐྱབ་པའི་སྐབས་ ཀ་གཞི་རྒེད་འོག་ ཀོ་མ་ཐྲང་གཡུས་ཚན་གྱི་ མི་ཚུ་གིས་ ཆུ་གཡུར་དེ་ ཁོང་གི་ཁྱིམ་གུང་པ་༡༠ དེ་ཅིག་གི་ ཆུ་ཞིང་ནང་ཚུདཔ་མས་ཟེར་བའི་ གནད་དོན་ཐོག་ལུ་ ཆུ་གཡུར་གྱི་ ལཱ་འབད་མ་བཅུག་པར་ བཀག་ཆ་འབད་ཡོདཔ་ཨིན་པས།
ཆུ་གཡུར་གྱི་ འཆར་གཞི་དང་འཁྲིལ་བ་ཅིན་ ཞིང་ཆུ་དེ་ ས་གནས་སྦས་ཆུ་ཟེར་ས་ལས་ འཐེན་ནི་ཨིནམ་ད་ གལ་སྲིད་ ཀ་གཞི་རྒེད་འོག་གིས་ རྩོད་རྙོགས་མ་བཀོད་པ་ཅིན་ ཀི་ལོ་མི་ཊར་༣༤ འབད་མི་ ཆུ་གཡུར་དེ་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ རིང་ཤོས་ཅིག་འོང་ནི་ཨིནམ་ད་ ཆུ་གཡུར་ལུ་བརྟེན་ འཕང་ཡུལ་གཡུས་ཚན་གྱི་ ཆུ་ཞིང་ཚུ་ནང་ ལྕང་ལཱ་རྐྱབ་ཚུགས་ནི་ཨིན་པས།
རྩོད་རྙོགས་བཀོད་པའི་ཤུལ་ལས་ རྫོང་ཁག་བདག་སྐྱོང་གིས་ གཡུར་བ་གིས་ ཞིང་ཚུ་ལུ་ གནོད་སྐྱོན་མི་རྐྱབ་ནིའི་དོན་ལུ་ ཆུ་ཞིང་འོག་ལས་ ཆུ་གཡུར་བཏོན་ནི་ཟེར་ཨིན་པའི་ཁར་ གལ་སྲིད་གནོད་སྐྱོན་རྐྱབ་པ་ཅིན་ ས་ཚབ་སྤྲོད་ནི་ཟེར་སླབ་རུང་ མི་ཚུ་གིས་ དེ་ལུ་ཡང་ ཁ་བཟེད་མ་བཏུབ་ཟེར་ རྫོང་རབ་པདྨ་གིས་བཤད་ཅི།
དེ་ལས་ ཆུའི་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་དང་འཁྲིལ་ རྫོང་ཁག་གིས་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ རྒྱབ་སྐྱོར་འཚོལ་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་ཐོག་ལས་ ཀ་གཞི་རྒེད་འོག་ལས་ཐོན་མི་ ཆུ་ཟ་མོ་དང་ སིབ་བྱ་ཕུག་གི་རོང་ཆུ་ལས་ བརྒྱ་ཆ་༥༠ འཕང་ཡུལ་རྒེད་འོག་ལུ་ བྱིན་དགོཔ་ད་ སྦས་ཆུའི་རྐ་འགོ་ལས་ ཀི་ལོ་མི་ཊར་༩ དེ་ཅིག་གཡུར་བ་བསལ་ཏེ་ ཀ་གཞི་རྒེད་འོག་ལུ་ ཆུ་བཏོན་ནི་སྦེ་ གྲོས་གཞི་བཟོ་མི་དེ་ལུ་ རྒེད་འོག་༢ ཀྱི་མི་སེར་དང་ རྒེད་འོག་ཚོགས་སྡེའི་འཐུས་མི་ཚུ་གི་བར་ན་ གྲོས་འཆམ་བྱུང་མི་དེ་ སྤྱི་ཟླ་༨ པའི་ཚེས་༡ ལུ་ གན་རྒྱ་བཟོ་ནུག།
ཨིན་རུང་ སྤྱི་ཟླ་༨ པའི་ཚེས་༢༣ ལུ་ ཀ་གཞི་རྒེད་འོག་ དགོན་སྡེ་སྤྱི་འོག་ལས་ མི་གྲངས་༢༣ འབད་མི་ སྡེ་ཚན་ཅིག་གིས་ རྫོང་ཁག་བདག་སྐྱོང་ལུ་འོང་སྟེ་ རྒེད་འོག་༢ ཀྱི་བར་ན་ གན་རྒྱ་བཟོ་མི་དེ་ ཆ་མེད་གཏང་དགོཔ་སྦེ་ཞུ་ཡོདཔ་ཨིན་པས།
དེ་ཡང་ ཁོང་གིས་འབད་བ་ཅིན་ སེབ་བྱ་ཕུག་གི་ཆུ་དེ་ དང་ཕུ་ ཕ་མའི་སྐབས་ལས་ར་ ཁོང་གིས་ ལག་ལེན་འཐབ་སྡོད་ནི་དེ་གིས་ བརྒྱ་ཆ་༥༠ འཕུང་ཡུལ་གྱི་ མི་ཚུ་ལུ་ བྱིན་མི་ཚུགས་ཟེར་ཨིན་པའི་ཁར་ གལ་སྲིད་གནད་དོན་དེ་ རྫོང་ཁག་གིས་ བསལ་མ་ཚུགས་པ་ཅིན་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཅར་ནི་ཟེར་ སླབ་ཡོདཔ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ མི་དབང་མཆོག་གི་སྐུ་མདུན་ལུ་བཅར་ཡོདཔ་ཨིན་པས།
རྫོང་རབ་པདྨ་གིས་འབད་བ་ཅིན་ གན་རྒྱ་དེ་ རྫོང་ཁག་གིས་ ཆ་མེད་གཏང་པ་ཅིན་ རྒེད་འོག་ཚོགས་སྡེའི་ འཐུས་མི་ཚུ་གི་བར་ན་བཟོ་མི་ གན་རྒྱ་ཅིག་ཨིནམ་ལས་ རྒེད་འོག་གི་གྲོས་ཆོད་ལུ་ ཆ་མ་བཞག་བའི་ བརྡ་མཚན་ཨིན་པའི་ཁར་ ཁོང་ལུ་ མི་དབང་མཆོག་གི་ཞབས་སར་ བཅར་ཟེར་སླབ་པ་ཅིན་ རྫོང་ཁག་གིས་ རྒྱབ་སྐྱོར་འབད་དོ་བཟུམ་ཨིནམ་ལས་ རྫོང་ཁག་གིས་ ག་ནི་ཡང་ མ་སླབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་བཏོན་མི་ ཐབས་ལམ་དེ་གིས་ རྒེད་འོག་༢ ཆ་ར་ལུ་ ཆུའི་ཁྱབ་ཚད་ བརྒྱ་ཆ་ལས་ བརྒྱ་སྦེ་ཡོད་པའི་ཁར་ ས་ཞིང་ཚུ་ལུ་ཡང་ གནོད་སྐྱོན་མེད་རུང་ དེ་ལུ་ ཆ་བཞག་མ་བཏུབ་ལས་ ད་ལས་ཕར་ ཐབས་ལམ་ག་ཅི་བཟུམ་ བཏོན་པ་ཅིན་ ཁོང་གི་སེམས་ཁར་ ཚུད་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
རྩོད་རྙོགས་དེ་གི་སྐོར་ལས་ རྫོང་ཁག་གིས་ རྒེད་འོག་༢ ཀྱི་ མི་སེར་ཚུ་དང་གཅིག་ཁར་ ཞལ་འཛོམས་ཐེངས་༩ དེ་ཅིག་ འཚོགས་པའི་ཁར་ ཆུ་གཡུར་བསལ་ནིའི་ ཐབས་ཤེས་ཚར་༢ དེ་ཅིག་བཏོན་རུང་ མི་ཚུ་གིས་ དེ་ལུ་ ཆ་གནས་མེདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment