གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་དཔལ་འབྱོར་ལུ་ དཀའ་ངལ་བྱུང་མི་དེ་གིས་ འབྲུག་གི་གློག་མེ་ལས་འགུལ་ཚུ་ལུ་ གནོད་ཉེན་མེདཔ།

༥/༩/༢༠༡༢   ༉ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ མ་དངུལ་ཚུ་ དུས་ཚོད་ཁར་ ཐོགས་ཆག་མེད་པར་ བཏང་དོ་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ལུ་ བར་ཆད་མ་བྱུང་པར་ ལེགས་ཤོམ་འགྱོ་བའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ རྒྱ་གར་གྱི་བརྡ་བརྒྱུད་ཅིག་གིས་ རྒྱ་གར་ལུ་ དཔལ་འབྱོར་གནས་སྟངས་མར་ཉམས་ཀྱི་ དཀའ་ངལ་ལུ་བརྟེན་ འབྲུག་ལུ་ རྒྱ་གར་གྱི་ མ་དངུལ་གྲོགས་རམ་ཐོག་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ དུས་ཚོད་ཁར་ མ་དངུལ་བཏང་མ་ཚུགས་པའི་ འོས་འབབ་ཡོད་པའི་ཁར་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ ཡར་དྲག་འགྱོ་ནི་ལུ་ དཀའ་ངལ་འབྱུང་འོང་ཟེར་ མ་བདེན་པའི་ ཧམ་བཤད་བཀོད་མི་དེ་ལུ་ དོགས་སེལ་དང་ ལན་བཟུམ་ཅིག་ཨིན་པས།
རྒྱ་གར་ལྷོ་ཕྱོགས་ཀྱི་ གནས་ཚུལ་གསར་ཤོག་ ད་ཀཱན་ཧ་རཱལཌི་གིས་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ འབྲུག་ལུ་ རྒྱ་གར་གྱི་ མ་དངུལ་གྲོགས་རམ་ཐོག་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྤུ་ན་གཙང་ཆུ་ལས་འགུལ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་གི་དོན་ལུ་ རྒྱ་གར་ལས་ མ་དངུལ་ལངམ་སྦེ་ བཏང་མ་ཚུགས་པའི་ གནས་སྟངས་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ལུ་ བར་ཆད་རྐྱབ་ནི་གི་ འོས་འབབ་འདུག་ཟེར་བཀོད་ནུག།
གནས་ཚུལ་གསར་ཤོག་དེ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གཞུང་གིས་ འབྲུག་གི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་ཁས་ལེན་འབད་མི་དེ་ འགྲུབ་ཐབས་ལུ་ རྒྱ་གར་གཞུང་གིས་ མ་དངུལ་གྱི་ འབྱུང་ཁུངས་གཞན་ འཚོལ་ཞིབ་འབད་དོ་ཟེར་ཨིན་པས།
བརྒྱུད་འཕྲིན་ཐོག་ལས་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གི་ ཆེ་རིམ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱ་གར་ལུ་ དཔལ་འབྱོར་གནས་སྟངས་ མར་ཉམས་སོང་སྟེ་འབད་རུང་ འབྲུག་གི་གློག་མེ་ལས་འགུལ་ཚུ་ རྒྱ་གར་གྱི་དོན་ལུ་ གཙོ་རིམ་ཅན་ཅིག་ཨིནམ་ལས་ རྒྱ་གར་གཞུང་གིས་ གློག་མེ་ལས་འགུལ་ཚུ་གི་ མ་དངུལ་ཚུ་ ག་དེ་དྲག་དྲག་ གཏང་ཚུགསཔ་འབད་ནི་ཟེར་ཨིན་པས།
ད་རུང་ ཁོ་གིས་ སླབ་མིའི་ནང་ འབྲུག་གི་ གློག་མེ་ལས་འགུལ་ཚུ་ རྒྱ་གར་གྱི་དོན་ལུ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ དཔྱད་བལྟ་བ་ཅིན་ དུས་ཅི་ རྒྱ་གར་གྱི་མངའ་སྡེ་ཚུ་ནང་ གློག་མེ་མེད་པའི་དཀའ་ངལ་ སྦོམ་སྦེ་ར་ ཐོན་པའི་སྐབས་ལུ་ འབྲུག་གིས་ ཆ་རོགས་འབད་ཡོདཔ་ལས་ འབྲུག་གི་གློག་མེ་དེ་ རྒྱ་གར་གི་དོན་ལུ་ གལ་ཅན་ཨིནམ་ལས་ གཙོ་རིམ་ཅན་སྦེ་ར་ ཆ་བཞགཔ་ཨིན་ཟེར་ཨིན་པས།
གནས་ཚུལ་གསར་ཤོག་ ད་ཀཱན་ཧ་རཱལཌི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་བརྒྱ་ཆ་༧༠ དེ་ཅིག་ རྩིས་ལོ་འདི་གི་ ཟླཝ་༤ པའི་ ནང་འཁོད་ལུ་ར་ མཇུག་བསྡུ་ནུག་ཟེར་ཨིན་པས།
གསར་ཤོག་དེ་ནང་ བཀོད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གིས་ འབྲུག་གི་སྤུ་ན་གཙང་ཆུ་༡ པ་དང་༢ པའི་དོན་ལུ་ རྩིས་ལོ་༢༠༡༢ དང་༢༠༡༣ ལས་ རུ་པི་དུང་ཕྱུར་༡༩.༦ ལྷགཔ་ཅིག་ དགོས་མཁོ་བཀོད་མི་དང་ཕྱདཔ་ད་ དངུལ་རྩིས་ལྷན་ཁག་གིས་ རུ་པི་དུང་ཕྱུར་༩.༧ ལྷགཔ་ཅིག་མ་གཏོགས་ མ་བཞག་པས་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་གཞུང་གིས་ རྩིས་ལོ་༢༠༡༢ དང་༢༠༡༣ པའི་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ རུ་པི་དུང་ཕྱུར་༡.༦ བཞག་ཡོད་མི་ལས་ བརྒྱ་ཆ་༦༨.༧ དེ་ཅིག་ རྩིས་ལོ་འདི་གི་ ཟླཝ་ཧེ་མམ་༢ མཇུག་བསྡུཝ་ད་ ཟད་འགྲོ་བཏང་ཚར་ནུག་ཟེར་ཨིན་པས།
ཨིན་རུང་ འབྲུག་གི་ གློག་མེ་ལས་འགུལ་ཚུ་གིས་ གནས་སྟངས་དེ་གི་སྐོར་ལས་ ཤེས་རྟོགས་མེད་པའི་ཁར་ བརྡ་བརྒྱུད་ནང་ དེ་སྦེ་བཀོད་མི་དེ་ལུ་ ཡིད་ཆེས་མེདཔ་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ གསུངས་མིའི་ནང་ རྒྱ་འབྲུག་༢ ཀྱི་ གཞུང་༢ ཆ་རའི་ དམིགས་གཏད་དང་འཁྲིལ་ཏེ་ གློག་མེ་ལས་འགུལ་ཚུ་ནང་ འགྱུར་བ་མེད་པའི་ཁས་ལེན་ཡོད་ཟེར་ཨིན་པས།
བློན་པོ་གིས་ རྒྱ་གར་ལས་ མ་དངུལ་དང་ མི་སྟོབས་ དེ་ལས་ འཕྲུལ་རིག་ཚུ་ ག་ཅིའི་ཐད་ལས་འབད་རུང་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོདཔ་མ་ཚད་ འཆར་དངུལ་ཚུ་ཡང་ བཀག་ཆ་མེད་པར་ འཕྲོ་མཐུད་དེ་ར་ ལྷོད་དོ་ཡོདཔ་ལས་ རྒྱ་འབྲུག་༢ ཀྱི་གཞུང་གིས་ དམིགས་ཡུལ་དང་འཁྲིལ་ཏེ་ དུས་ཚོད་ཁར་ གློག་མེ་ལས་འགུལ་ཚུ་གི་ གྲུབ་འབྲས་བཏོན་ཚུགས་ཟེར་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིར་ཤ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ བརྡ་བརྒྱུད་ཀྱིས་ བརྡ་དོན་ཡོངས་རྫོགས་མེད་པའི་ ཐག་བཅད་ཀྱི་ གནས་ཚུལ་བཀོད་ནུག་ཟེར་ཨིནམ་ད་ ད་ཚུན་ རྒྱ་གར་ལས་ མ་དངུལ་ཚུ་ དཀའ་ངལ་མེད་པར་ལྷོད་དེ་ ལས་འགུལ་གྱི་ལཱ་ཚུ་ཡང་ ཡར་དྲག་འགྱོ་དོ་ཡོདཔ་ལས་ དེ་བཟུམ་མའི་ དཀའ་ངལ་གྱི་གནས་སྟངས་ཅིག་ མ་མཐོང་ཟེར་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་དོན་ལུ་ མ་དངུལ་རུ་པི་དུང་ཕྱུར་༣༨ དེ་ཅིག་གནས་པའི་ ཚོད་རྩིས་བཏོན་མིའི་ཐོག་ལས་ ད་ཚུན་གྱི་རིང་ མ་དངུལ་དུང་ཕྱུར་༣.༡ དེ་ཅིག་ ཟད་འགྲོ་བཏང་ཚར་ཡོདཔ་ཨིན་པས།
སང་ཕོད་ སྤྱི་ཟླ་༣ པའི་ནང་ ད་རུང་ ལྷན་ཐབས་མ་དངུལ་ རུ་པི་དུང་ཕྱུར་༡.༧ དེ་ཅིག་ ལྷོད་ནི་ཨིན་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་སླབ་པའི་ཁར་ ལས་འགུལ་དེ་ སྤྱི་ལོ་༢༠༡༦ དང་༢༠༡༧ དེ་ཅིག་ཁར་ མཇུག་བསྡུ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༡,༢༠༠ དེ་ཅིག་འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་དོན་ལུ་ མ་དངུལ་རུ་པི་དུང་ཕྱུར་༣༥.༡ དེ་ཅིག་གནས་པའི་ ཚོད་རྩིས་བཏོན་མི་ལས་ ད་ཚུན་གྱི་རིང་ ལས་འགུལ་གྱིས་ རུ་པི་དུང་ཕྱུར་༢༢.༤ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་ཁར་ གློག་ཤུགས་མེ་ག་ཝཱཊ་༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་གིས་ ད་ཚུན་ རུ་པི་དུང་ཕྱུར་༧.༦ ཐོབ་མི་ལས་ རུ་པི་དུང་ཕྱུར་༤.༥ དེ་ཅིག་ ཟད་འགྲོ་བཏང་ཚར་ཡོདཔ་ཨིན་པས།
ཡུ་རོཔ་དང་ ཨེ་མི་རེ་ཀ་ལུ་ དཔལ་འབྱོར་གནས་སྟངས་ མར་ཉམས་འགྱོ་མི་ལུ་བརྟེན་ རྒྱ་གར་གྱི་ དཔལ་འབྱོར་གནས་སྟངས་དེ་ཡང་ གནས་སྐབས་ཅིག་ དཀའ་ངལ་ཐོག་ལུ་ཡོདཔ་ལས་ ས་སྣུམ་དང་ འཕྲུལ་རིག་ དེ་ལས་ སྣུམ་འཁོར་གྱི་ཅ་ཆས་ཚུ་ གོང་ཚད་ཡར་སེང་སོང་ཡོདཔ་མ་ཚད་ རྒྱ་གར་གྱི་ རུ་པིའི་གནས་གོང་དེ་ཡང་ ལེ་ཤ་གིས་ མར་བབས་སོང་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment