གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་དང་ གཞལམ་སྒང་བར་ནའི་ སྣུམ་འཁོར་རྒྱུན་འགྲུལ་བཀག་ཡོདཔ།

༥/༩/༢༠༡༢   ཟམ་གྱི་ཅ་ཆས་ཚུ་ མགྱོགས་པར་འཐོབ་ཚུགས་པ་ཅིན་ བདུན་ཕྲག་༡ གི་ནང་འཁོད་ལུ་ བཅོ་ཁ་རྐྱབ་ཚུགས་པའི་རེ་བ།

༉ ཁ་ཙ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཇེ་པི་ཁག་འབག་ལས་སྡེའི་ ལྗིད་ཅན་འཕྲུལ་ཆས་ཀེ་རན་འབག་མི་ སྣུམ་འཁོར་ཊཱག་ཅིག་གིས་ ཀྲོང་གསར་ཁྲོམ་ལས་ ཀི་ལོ་མི་ཊར་༡༡ དེ་ཅིག་ལུ་ རྫོང་ཁ་ལུངམ་ལྕགས་ཟམ་ གཡོ་བཏང་མི་ལུ་བརྟེན་ སྣུམ་འཁོར་མང་རབས་ཅིག་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།
ལྗིད་ཅན་འཕྲུལ་ཆས་ཀེ་རན་འབག་མི་ སྣུམ་འཁོར་ཊཱག་དེ་ གང་མགྱོགས་འཐེན་མ་བསྐྱལ་བ་ཅིན་ རྫོང་ཁ་ལུངམ་གི་ལྕགས་ཟམ་ ཆད་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་མས།


བྱུང་རྐྱེན་དེ་ ཉིན་མའི་ལྟོ་ཟ་བའི་ དུས་ཚོད་ཁར་བྱུང་ཡོདཔ་ད་ དེ་ཡང་ འཕྲུལ་ཆས་འབག་མི་ སྣུམ་འཁོར་དེ་གིས་ ཟམ་གྱི་ནུས་ཚད་དང་ཕྱདཔ་ད་ ལྗིད་ལྕི་དྲགས་ནི་དེ་གིས་ ཟམ་ཉམས་བཅོས་འབད་མི་ བཟོ་རིག་འགོ་དཔོན་འོགམ་གིས་ འགྱོ་མ་བཅུག་པར་ བཀག་བཞག་རུང་ དེད་གཡོགཔ་དེ་གིས་ ཨུ་ཚུགས་རྐྱབ་སྟེ་ ཟམ་གུ་ལས་ སྣུམ་འཁོར་བཏང་འགྱོཝ་ད་ ལྗིད་འབག་མ་ཐེག་པར་ གཡོ་བཏང་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་མགུ་ཏོ་དེ་ ཟམ་གྱི་མཐའ་མར་ལྷོདཔ་ད ལྗིད་ཀྱིས་ ཟམ་གཡོ་བཏངམ་ལས་ ཟམ་གྱི་གློ་སྐྱོར་ལྕགས་གུ་ འཕྲུལ་ཆས་ཀེ་རན་ཐོགས་ལུས་ཡོདཔ་ད་ མི་ལུ་ གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།
ཀྲོང་གསར་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ག་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྕགས་ཟམ་དེ་ ད་ལྟོ་ ཉམས་བཅོས་འབད་དོ་ཡོད་པའི་སྐོར་ལས་ ཁྱབ་བསྒྲགས་འབད་ཡོདཔ་མ་ཚད་ ལྗིད་ཚད་ཀྱི་སྐོར་ལས་ཡང་ ཟམ་གྱི་ཉེ་འདབས་ལུ་ཡོད་མི་ བརྡ་བྱང་ནང་ གསལ་རིལ་རི་སྦེ་ བྲིས་ཏེ་ཡོད་རུང་ དེད་གཡོགཔ་དེ་གིས་ སྣང་མེད་སྐྱུར་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟམ་གྱི་ཅ་ཆས་ཚུ་ རྫོང་ཁག་གཞན་ཁ་ལས་ འཐོབ་ཚུགས་པ་ཅིན་ བདུན་ཕྲག་ཅིག་གི་ནང་འཁོད་ལུ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགསཔ་སྦེ་ བཟོ་ཚུགས་ཟེར་ཨིནམ་ད་ ཅ་ཆས་ཚུ་ དུས་ཚོད་ཁར་ མ་ལྷོད་པ་ཅིན་ ཡུན་རིང་སུ་ཅིག་ འགོར་ནི་མས་ཟེར་ཨིན་པས།
རྫོང་ཁ་ལུངམ་ལྕགས་ཟམ་དེ་ སྤྱི་ལོ་༡༩༩༠ ལུ་ བཟོ་སྐྲུན་འབད་བའི་ཤུལ་ལུ་ འཕྲལ་ཁམས་ཅིག་ལས་ ཉམས་བཅོ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལྕགས་ཟམ་དེ་ རྙིངམ་ཅིག་ཨིན་པའི་ཁར་ དེ་བཟུམ་མའི་ཟམ་ རྫོང་ཁག་གཞན་ཁར་མེདཔ་ལས་ ཅ་ཆས་ཚུ་ཡང་ འཐོབ་ཚུགས་པར་ལཱ་ཁག་ཡོདཔ་ད་ ལས་ཁུངས་ཀྱིས་ རྫོང་ཁག་གཞན་ཚུ་ལས་ ཅ་ཆས་ཚུ་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།
ཁ་ཙ་ ཕྱི་རུ་ཚུན་ སྣུམ་འཁོར་དེ་ འཐེན་བསྐྱལ་ནིའི་དོན་ལུ་ ལས་འགུལ་གྱི་ ལས་མི་ཚུ་གིས་ ལཱ་འབད་ཡོད་རུང་ སྣུམ་འཁོར་འཐེན་ནིའི་དོན་ལུ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ལས་ ལྗིད་ཚད་མེ་ཊིག་ཊཱན་༨༠ འཐེན་ཚུགས་མི་ འཕྲུལ་ཆས་དེ་ མ་ལྷོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟམ་གྱི་ལྕགས་ཚུ་ གཡོ་བཏང་ཡོདཔ་ལས་ སྣུམ་འཁོར་དེ་ མགྱོགས་སུ་ཅིག་སྦེ་ འཐེན་མ་བསྐྱལ་བ་ཅིན་ ལྗིད་ཀྱིས་སྦེ་ ལྕགས་ཟམ་དེ་ ཆད་འགྱོ་ནིའི་ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
བྱུང་རྐྱེན་དེ་ལུ་བརྟེན་ ཀྲོང་གསར་དང་ དགེ་ལེགས་ཕུག་གི་བར་ན་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ གནས་སྐབས་ཅིག་གི་དོན་ལུ་ དབང་འདུས་བརྒྱུད་དེ་ འགྲོ་འགྲུལ་འབད་བཅུག་ནི་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ད་ལྟོ་ མེདཔ་བཏང་མི་ ཟམ་གྱི་སྦོ་ལོགས་ཁར་ལས་ ཟམ་གསརཔ་ཅིག་ བཟོ་སྐྲུན་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ བཟོ་བཀོད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ ག་ལེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟམ་གྱི་ཅ་ཆས་ཚུ་ མགྱོགས་པར་འཐོབ་ཚུགས་པ་ཅིན་ བདུན་ཕྲག་༡ གི་ནང་འཁོད་ལུ་ བཅོ་ཁ་རྐྱབ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment