གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱ་ཚུ་ རྫོང་ནང་འཛུལ་ནི་ལས་ བཀག་ཐབས་འབད་དོ་ཡོདཔ།

༦/༩/༢༠༡༢   ༉ ཀྲོང་གསར་རྫོང་ནང་ སྤྱ་ལེ་ཤ་མཐོང་སྲོལ་བྱུང་མི་དེ་ གནད་དོན་གསརཔ་ཅིག་མེན་རུང་ རྫོང་ཁག་བདག་སྐྱོང་གིས་ སྤྱ་ཚུ་ རྫོང་ནང་འཛུལ་མི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ འཕྲལ་མགྱོགས་ར་ རྫོང་གི་རྒྱབ་ལས་ སྤྱ་འཛེགས་འོང་སའི་ གློག་ཐག་དང་ཐགཔ་གཞན་ཚུ་གུ་ རྩི་ས་གཏང་སྟེ་ འཛེགས་མ་ཚུགསཔ་བཟོ་ནི་ཨིན་པས།
ཀྲོང་གསར་རྫོང་ནང་བཞག་མི་ ལྕགས་ཀྱི་དྲྭ་མིག་ནང་ཚུད་མི་ སྤྱ་སེར་ཅིག།


སྤྱ་ཚུ་གིས་ ཨ་རྟག་ར་ རྫོང་གི་ནང་ན་ འཛུལ་འོང་མི་ལུ་བརྟེན་ རྫོང་ཁག་བདག་སྐྱོང་ལུ་ མེ་རྐྱེན་ཤོར་བའི་ ཚ་གྱང་སྦོམ་ཕོག་ཡོདཔ་ལས་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ རྫོང་ཁག་གིས་ སྤྱ་ཚུ་ ལྕགས་ཀྱི་དྲྭ་མིག་ནང་བཟུང་སྟེ་ ས་གནས་གཞན་ཁར་ལས་ཕར་ བསྐྱལ་ཡོད་རུང་ འཕྲལ་ཁམས་ཅིག་ལས་ བཟུང་ནི་དེ་ཡང་ བཤོལ་བཞག་ཡོདཔ་ཨིན་པས།
རྫོང་གི་ཁང་གཉེརཔ་ ཚེ་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྤྱ་༡༣ དེ་ཅིག་བཟུང་ཞིནམ་ལས་ ལྕགས་ཀྱི་དྲྭ་མིག་ནང་བཙུགས་ཏེ་ ས་གནས་གཞན་ཁར་ བསྐྱལ་ཡི་ཟེར་ཨིནམ་ད་ སྤྱ་ཚུ་གིས་ ལྕགས་ཀྱི་དྲྭ་མིག་མཐོངམ་ད་ རྫོང་ནང་མ་འོང་པར་ ཞག་དག་པ་རེ་ ཕྱི་ཁར་སྡོད་དོ་ཡོདཔ་ལས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ རྫོང་རབ་འཆི་མེད་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱ་བཟུང་ནི་གི་ ཐབས་ཤེས་བཏོན་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ རྫོང་གི་ཉེ་འདབས་ལས་ཕར་ སྤྱ་མང་རབས་ཅིག་ཡོད་ནི་དེ་གིས་ བཟུང་མི་ཚར་ནི་ཨིནམ་ལས་ རྫོང་གི་གནང་ན་ འོང་མི་བཅུག་ནིའི་ ཐབས་ཤེས་དེ་ར་ བཏོན་པ་ཅིན་ དྲག་ནི་ཨིནམ་ལས་ སྤྱ་བཟུང་ནི་དེ་ བཤོལ་བཞག་ཅི་ཟེར་ཨིན་པས།
གལ་སྲིད་ རྫོང་ནང་ལས་ སྤྱ་ཚུ་བཟུང་སྟེ་ ས་གནས་གཞན་ཁར་བསྐྱལ་རུང་ སྤྱ་ཚུ་གིས་ ས་གནང་དེ་ནང་ཡང་ གནོདཔ་བསྐྱལ་ནི་ཨིནམ་ལས་ རྒེད་འོག་གི་མི་ཚུ་གིས་ ཁ་བཏང་འོང་ཟེར་ཨིནམ་ལས་ རྫོང་གི་རྒྱབ་ཁར་ཡོད་མི་ ཐགཔ་ཚུ་གུ་ རྩི་ས་གཏང་ཞིནམ་ལས་ སྤྱ་ཚུ་ འཛེགས་མ་ཚུགསཔ་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ ཁོ་གིས་ བཤད་ཅི།
མི་རྩིས་སྡེ་ཚན་གྱི་ ལས་བྱེདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡིག་ཚང་གི་ དུས་ཚོད་རྫོགས་ཞིནམ་ལས་ སྒོ་སྒྲིག་ཚུ་ བསྡམ་མ་བཞག་པ་ཅིན་ ནང་ན་འཛུལ་ཏེ་ གནོདཔ་བསྐྱལཝ་མ་ཚད་ རྫོང་ནང་ན་ ཨ་བ་བཏང་བཞག་མི་ལུ་བརྟེན་ དྲིམ་གྱིས་འབད་མི་ཚུགས་པས་ཟེར་ཨིན་པས།
སྤྱ་བཟུང་ནིའི་དོན་ལུ་ རྫོང་གི་ནང་ན་ དགའ་རབ་དབང་ཕྱུག་ལྷ་ཁང་གི་ སྦོ་ལོགས་ཁར་ ལྕགས་ཀྱི་དྲྭ་མིག་གི་ ཧོད་གཉིས་བཟོ་བཞག་སྟེ་ དེ་ནང་ ཁ་ཟས་ཀྱི་རིགས་ཚུ་ བཙུགས་བཞག་ཞིནམ་ལས་ ནང་ན་འཛུལ་སར་མཐོངམ་ཅིག་ མི་གིས་ སྒོ་བསྡམ་བཞག་དོ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ སྤྱ་ཚུ་ རྫོང་གི་ནང་ན་ འོང་མ་ཚུགསཔ་བཟོ་ནིའི་དོན་ལུ་ བཀྲ་ཤིས་སྒང་ མེ་རག་སག་སྟེང་ལས་ དར་ཚིལ་རུལ་རུལཝ་ ཀེ་ཇི་དག་པ་ཅིག་ ཉོ་འབག་སྟེ་ གློག་ཐག་དང་ ཐགཔ་གཞན་ཚུ་ལུ་ དབུར་བཞག་སྟེ་འབད་རུང་ ཕན་ཐོགས་མ་བྱུངམ་ཨིན་པས།
སྤྱ་ཚུ་ དགེ་སློང་ཚུ་དང་ གོམས་འདྲིས་ཚུད་ནི་དེ་གིས་ ཐ་ན་ ནུབ་མོ་ ཞག་ཉལ་བར་ རྫོང་ནང་འོངམ་མས་ཟེར་ཨིནམ་ད་ དགེ་སློང་ཚུ་གིས་ སེམས་ཅན་སྟག་རྫུས་མ་ཅིག་ ཉོ་འབག་སྟེ་ རྫོང་གི་ས་ཁོངས་ནང་ བཀལ་བཞགཔ་ད་ དུམ་གྲ་ཅིག་ ཕན་ཐོགས་ཅི་ཟེར་ཨིན་པས།
རྫོང་ཁག་གིས་ ལྕགས་སྐྱུད་རཝ་རྐྱབ་ནི་གི་ འཆར་གཞི་ཡོད་རུང་ སྤྱ་ཚུ་གིས་ མ་ཆད་པར་འོང་དོ་ཡོདཔ་ལས་ ལཱ་འབད་མི་ཚུ་ཡང་ འཇིགས་སྣང་ལང་དོ་ཡོདཔ་ཨིན་པས།
སྤྱ་ཚུ་གིས་ རྫོང་ནང་འགྱོ་མི་ ཨམ་སྲུ་ཚུ་ལུ་ སོ་བཏབ་ནི་གི་ དཔའ་བཅམ་དོ་ཡོདཔ་ལས་ ཨམ་སྲུ་ཚུ་ ཆ་རོགས་མེད་པ་ཅིན་ ལཱ་ཁག་རྐྱབ་དོ་ཡོདཔ་མ་ཚད་ ཕོ་སྐྱེས་ཚུ་ཡང་ དྲནམ་བཏོན་ཏེ་ འགྱོ་དགོཔ་ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment