གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནེ་པཱལ་ལས་ མིག་ཏོ་གཤག་བཅོས་མཁས་མཆོག་སྡེ་ཚན་ཅིག་གིས་ མི་༩༤ ལུ་ གཤག་བཅོས་འབད་ཡོདཔ།

༥/༩/༢༠༡༢   ༉ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ ནེ་པཱལ་རྒྱལ་ཁབ་ལས་ མིག་ཏོ་གཤག་བཅོས་མཁས་མཆོག་སྡེ་ཚན་ཅིག་གིས་ སྐྱེས་ལོ་༦༨ གྲངས་འབད་མི་༤ ལུ་ མིག་ཏོ་གཤག་བཅོས་དང་ མི་༩༠ དེ་ཅིག་ལུ་ མིག་ཏོའི་ ལིང་ཏོག་གཤག་བཅོས་འབད་ཡོདཔ་ལས་ མིག་ཏོ་གཤག་བཅོས་འབད་མིའི་ནདཔ་ཚུ་གིས་ མིག་ཏོ་མཐོང་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མིག་ཏོ་གཤག་བཅོས་འབད་མི་ཚུ།


དེ་ཡང་ ཁ་ཙ་ མིག་ཏོ་གི་ གཤག་བཅོས་ཁང་ནང་སྦེ་ མི་༢ ལུ་ མིག་ཏོ་པགས་ཀོའི་གཤག་བཅོས་འབད་ཡོདཔ་ད་ ཁོང་གཤག་བཅོས་འབད་མི་༢ པོ་དེ་ མིག་ཏོ་༢ ཆ་ར་ མཐོང་མ་ཚུགས་པར་ ལོ་དག་པ་ཅིག་སོང་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ མི་གྲངས་༥༠ ལུ་ མིག་གི་ལིང་ཏོག་གཤག་བཅོས་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༣ ལུ་ མི་༢ ལུ་ མིག་ཏོ་ པགས་ཀོའི་ གཤག་བཅོས་དང་ མི་༤༠ ལུ་ མིག་ཏོ་ལིང་ཏོག་གི་ གཤག་བཅོས་ཚུ་འབད་ཡོདཔ་ཨིན་པས།
ནེ་པཱལ་ ཊིལ་གང་གྷ་ མིག་ནད་གསོ་བའི་སྤེལ་ཁང་ལས་ མིག་ཏོ་མཁས་མཆོག་དང་ གསོ་བའི་མདོ་ཆེན་འོགམ་ ཌོག་ཊར་ རཱི་ཏ་ གུ་རུང་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཌོག་ཊར་ རཱི་ཏ་གུ་རུང་གིས་ སླབ་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ མིག་ཏོ་གཤག་བཅོས་འབད་བར་འོང་མི་དེ་ འགོ་ཐོག་ཨིན་རུང་ ཊིལ་གང་གྷ་ མིག་ནད་གསོ་བའི་སྤེལ་ཁང་ལས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་དང་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གྲོགས་རམ་དང་ མཉམ་འབྲེལ་གྱི་ཐོག་ལས་ སྤྱི་ལོ་༡༩༩༦ ལུ་ འབད་ཡི་ཟེར་ཨིན་པས།
མིག་ཏོ་མ་པ་ལས་ མ་མཐོང་མི་ཚུ་གི་དོན་ལུ་ ནེ་པཱལ་ ཊིལ་གང་གྷ་ མིག་ནད་གསོ་བའི་སྤེལ་ཁང་ལས་ མིག་ཏོ་གི་ པགས་ཀོ་༤ འབག་འོང་ཡོདཔ་ཨིན་པས།
ན་ཧིང་ འཛམ་གླིང་གསོ་བའི་ཉིནམ་བརྩི་སྲུང་དང་འབྲེལ་ ཐིམ་ཕུ་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་རྩ་བར་ ཇ་པཱན་ལས་ མིག་ཏོ་མཁས་མཆོག་ ཌོག་ཊར་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ གསོ་བའི་འགོ་དཔོན་ཚུ་ མཉམ་རུབ་ཐོག་ལས་ ཞིབ་དཔྱད་འབད་མིའི་སྙན་ཞུ་དང་འཁྲིལ་ མིག་ཏོ་མ་མཐོང་མི་༤ ལུ་ མིག་གི་པགས་ཀོའི་ སོར་བཙུགས་ཀྱི་གཤག་བཅོས་ཚུ་འབད་ནི་ལུ་ གོ་སྐབས་སྤྲོད་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ མིག་ཏོ་གི་ མཁས་མཆོག་ཌོག་ཊར་ ནོར་ཚེ་རིང་གིས་ འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ མིག་ཏོ་པགས་ཀོ་གསོག་འཇོག་འབད་བཞག་ནི་ལུ་ འཕྲུས་ཆས་ཀྱི་མཐུན་རྐྱེན་མེདཔ་མ་ཚད་ མིག་ཏོ་གཤག་བཅོས་འབད་ནིའི་དོན་ལུ་ མིག་ཏོ་མཁས་མཆོག་གི་ སྦྱོང་བརྡར་འཐོབ་མི་ མི་སྟོབས་ལངམ་མེད་པའི་དཀའ་ངལ་སྦོམ་ཡོདཔ་ལས་ ད་ལྟོའི་གནས་སྟངས་ནང་ འབད་མི་ཚུགས་པས་ཟེར་ཨིན་པས།
ནདཔ་མིག་ནད་ཐོབ་མི་ཚུ་ འོངམ་ད་ གཤག་བཅོས་ལེགས་ཤོམ་བྱིན་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ གསོ་བའི་སྙན་ཞུ་དང་འཁྲིལ་ རྒྱལ་ཁབ་ནང་ མིག་གི་པགས་ཀོ་གཤག་བཅོས་འབད་དགོ་མི་ ད་ཚུན་ལུ་ མི་༢༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
ཌོག་ཊར་ རཱི་ཏ་གུ་རུང་གིས་ མིག་ཏོ་པགས་ཀོའི་ཞལ་འདེབས་འབད་མི་ མེད་མི་དེ་ རྒྱལ་ཁབ་ནང་ འདི་བཟུམ་གྱི་ཞལ་འདེབས་བྱིན་དགོ་པའི་སྐོར་དང་ ཕན་གནོད་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་འགོ་འདྲེན་མ་འཐབ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
གཞན་རྒྱལ་ཁབ་ཚུ་ནང་ འབད་བ་ཅིན་ གསོ་བའི་མཁས་མཆོག་དང་ གཞུང་གི་འགོ་དཔོན་ཚུ་གིས་ མི་མང་ལུ་ མི་ཤི་མི་ཚུ་གི་ མིག་གི་པགས་ཀོའི་ ཞལ་འདེབས་བྱིན་པ་ཅིན་ ཕན་པ་ཡོད་པའི་སྐོར་ གོ་བ་བརྡ་སྤྲོད་འབད་ནི་དེ་གིས་ ཞལ་འདེབས་ཐོབ་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ གསོ་བའི་འགོ་དཔོན་དང་ འགོ་ཁྲིདཔ་ཚུ་གིས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་དགོཔ་ གལ་ཆེ་ཟེར་ཨིན་པས།
ད་རེས་ མིག་གི་པགས་ཀོ་གཤག་བཅོས་འབད་མི་ཚུ་གིས་ ཁྱིམ་ནང་ དེ་སྦེ་ར་སྡོད་ནི་མིན་པར་ ད་ལས་ཕར་ གསོ་བའི་ཌོག་ཊར་དང་ སྨན་བཅོས་ཀྱི་དོན་ལུ་ འོང་དགོཔ་གལ་ཆེ་ཟེར་ཨིན་པས།
མིག་ཏོ་གཤག་བཅོས་མཁས་མཆོག་སྡེ་ཚན་གིས་ ཕུན་ཚོགས་གླིང་སྨན་ཁང་ནང་སྦེ་ མིག་ཏོ་གཤག་བཅོས་འབད་ནིའི་དོན་ལུ་ ཉིན་གྲངས་༢ སྡོད་ནི་ཨིནམ་ལས་ སྡེ་ཚན་ཚུ་གིས་ ནངས་པ་ ཐིམ་ཕུ་ལས་ ཕུན་ཚོགས་གླིང་ལུ་ འགྱོ་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment