གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུཔ་ལུ་བརྟེན་ འཚོ་བའི་གནས་སྟངས་ ཡར་དྲག་སོང་ཡོདཔ།

༥/༩/༢༠༡༢   ༉ དབང་འདུས་ཕོ་བྲང་རྫོང་ཁག་གི་ སྲས་ཕུ་རྒེད་འོག་གི་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ དབྱར་རྩྭ་དགུན་འབུབ་ཨིནམ་ད་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ཏེ་ རྒེད་འོག་གི་ ཁྱིམ་གུང་པ་༣༠༠ ལྷགཔ་ཅིག་གིས་ ཧེ་མ་དང་ཕྱདཔ་ད་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཁེ་ཕན་སྦོམ་བྱུང་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་ལུ་བརྟེན་ རང་ལུགས་ཀྱི་ ཁྱིམ་རྐྱབ་ཚུགས་མི་ སྲས་ཕུ་གཡུས་ཚན།
དབྱར་རྩྭ་དགུན་འབུབ།


ད་རེས་ རྒེད་འོག་གི་ གཡུས་ཚན་ཚུ་ནང་ འགྱོ་ལྟ་བའི་སྐབས་ སའི་ཆགས་ཚུལ་ཚུ་ ས་ཁ་མཐོ་སའི་ སྒང་ཏོག་གུ་ཨིན་པའི་ཁར་ ལོ་ཐོག་གི་རིགས་ཚུ་ཡང་ གངམ་འཚོ་སར་མ་མཐོང་རུང་ གཡུས་མི་ཚུ་གི་ གནས་སྟངས་ལུ་བལྟ་བ་ཅིན་ མང་ཤོས་ར་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ འབད་མི་ཚུ་ ཁྱིམ་ཐོག་ལྕགས་ཤོག་བཀབ་སྟེ་ཡོདཔ་མ་ཚད་ ཁྱིམ་གྱི་གདོང་ཁར་ སྣུམ་འཁོར་ཚུ་ཡང་ བཞག་སར་མཐོངམ་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ ཁོང་གི་འཚོ་བའི་གནས་སྟངས་དེ་ སྤྱི་ལོ་༢༠༠༥ དེ་ཅིག་ལས་ གཞུང་གིས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་དེ་ བཙོང་ཆོགཔ་བཟོཝ་ལས་ཚུར་ ཡར་དྲག་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ དབྱར་རྩྭ་དགུན་འབུབ་ཀྱི་ གོང་ཚད་དེ་ མཐོ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བའི་དུས་ཚོད་ལུ་ གཡུས་མི་མང་ཤོས་ཅིག་གིས་ རང་སོའི་ དངུལ་འབྲེལ་གྱི་ལཱ་གཞན་ཚུ་བཀོག་བཞག་སྟེ་ འབུབ་འཐུ་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་ལུ་བརྟེན་ ཁེ་ཕན་བྱུང་མིའི་གྲས་ལས་ གཅིག་ བླམ་སྦྱིས་གཡུས་ཚན་ལས་ སྐྱེས་ལོ་༣༤ ལང་མི་ ཟླ་བ་ཚེ་རིང་ཨིནམ་ད་ ཁོ་གིས་ སླབ་མི་དང་འཁྲིལཝ་ད་ དབྱར་རྩྭ་དགུན་འབུབ་བཙོང་སྟེ་ འོང་འབབ་བཟོ་མི་དེ་གིས་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༡ འབད་མི་ཅིག་ རྐྱབ་ཚུགས་ཅི་ཟེར་ཨིན་པས།
དེ་མ་ཚད་ དངུལ་ཀྲམ་༥༣,༠༠༠ ལྷགཔ་ཅིག་ སྤྲོད་ཐོག་ལས་ ལྕགས་ཤོག་ཉོ་སྟེ་ ཁྱིམ་ཐོག་བཀབ་ཚུགས་ཅི་ཟེར་ཨིན་པས།
ཟད་འགྲོ་དངུལ་ཀྲམ་འབུམ་༤ ལྷགཔ་ཅིག་གནས་མི་ ཁྱིམ་ཐོག་གཅིགམ་དེ་གུ་ ད་རུང་ དབྱར་རྩྭ་དགུན་འབུབ་བཙོང་སྟེ་ ཐོག་སེང་ནིའི་ འཆར་གཞི་ཡོད་ཟེར་ ཟླ་བ་ཚེ་རིང་གིས་ སླབ་ཨིན་པས།
དེ་མ་ཚད་ ཁོ་གིས་ ལོ་རེ་ལུ་ ཨ་ལུ་ཚུ་ སློབ་གྲྭ་ནང་གཏང་ནིའི་ཟད་འགྲོ་ དངུལ་ཀྲམ་༡༥,༠༠༠ དེ་ཅིག་ གནས་མི་དེ་ཡང་ དབྱར་རྩྭ་དགུན་འབུབ་ལུ་ བརྟེན་དོ་ཡོདཔ་ད་ ཟླ་བ་ཚེ་རིང་གིས་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་དེ་ སྲས་ཕུཔ་ཚུ་གི་དོན་ལུ་ ནོར་བུ་བསམ་འཕེལ་བཟུམ་ཅིག་ ཨིན་ཟེར་ཨིནམ་ད་ གལ་སྲིད་ འབུབ་བསྡུ་བསྒྱོམ་འབད་ནི་མེད་པ་ཅིན་ ད་རེས་ ཁོ་གི་ མི་ཚེའི་གནས་སྟངས་དེ་ ད་ལྟོ་བཟུམ་ཅིག་ ཡར་དྲག་འགྱོ་མ་ཚུགསཔ་འོང་ཟེར་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༥ དེ་ཅིག་ལས་ དབྱར་རྩྭ་དགུན་འབུབ་བཙོང་ནི་ འགོ་བཙུགས་མི་དེ་གིས་ ད་ཚུན་གྱི་བར་ན་ དངུལ་ཀྲམ་འབུམ་༧ ལྷགཔ་ཅིག་ བཟོ་ཚུགས་ཡོདཔ་ད་ དུས་ཅི་ཁོ་གིས་ འབུཔ་ག་རམ་༡༥༠ བཙོང་མི་དེ་གིས་ དངུལ་ཀྲམ་འབུམ་༡ ཐོབ་ནུག།
སྲས་ཕུ་རྒཔོ་ རིན་ཆེན་དཔལ་འབྱོར་གྱིས་འབད་བ་ཅིན་ དུས་ཅི་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་ འབུམ་༡༢ དེ་ཅིག་ཐོབ་རུང་ རྒེད་འོག་གིས་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༧༢ ལས་བརྒལ་ ཐོབ་མ་ཚུགས་པས་ཟེར་ སླབ་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་མི་ཚུ་གིས་ དངུལ་ཐོག་ཀེ་བ་དང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་དེ་ འཚོ་སྐྱོང་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ནི་དེ་གིས་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་སྦོམ་ཅིག་ར་ བསྐྱེད་མི་བཏུབ་པས་ཟེར་ཨིན་པས།
ཟླ་བ་ཚེ་རིང་གིས་འབད་རུང་ ཧེ་མ་བཟུམ་སྦེ་ར་ ཀེ་བའི་ལཱ་འབད་ནི་མེད་ཟེར་ཨིནམ་ད་ དེ་ཡང་ ལོ་གཅིག་གི་རིང་ ཀེ་བའི་ལཱ་འབད་མི་དེ་དང་ཕྱདཔ་ད་ ཟླཝ་དག་པ་ཅིག་གི་རིང་ དབྱར་རྩྭ་དགུན་འབུབ་འཐུ་མི་དེ་ ཁེ་ཕན་འདུག་ཟེར་ཨིན་པས།
ཁོ་གིས་མནོ་བསམ་ལས་ ད་ལས་ཕར་ ལོ་༢ དང་༣ དེ་ཅིག་གི་ནང་འཁོད་ལུ་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ སྣུམ་འཁོར་ཉོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སྲས་ཕུ་རྒེད་འོག་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་མི་༥༩༠ དེ་ཅིག་ཡོད་མིའི་གྲས་ལས་ མང་ཤོས་ཅིག་ལུ་ སྣུམ་འཁོར་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
སྲས་ཕུཔ་ཚུ་གིས་ སྤྱི་ཟླ་༥ པ་དང་༦ པའི་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནིའི་དོན་ལུ་ གངས་ར་དང་ དཀྱིལ་འཁོར་ཐང་ བྱག་ཕུག་དཀརཔོ་ ཐང་ཆེན་མ་ གཡང་མགོ་ དེ་ལས་ མེ་ཐང་ཆེ་ཐང་གི་ལ་ཚུ་ནང་ འགྱོ་དོ་ཡོདཔ་ད་ ལ་དེ་ཚུའི་ནང་ ལྷོད་ནིའི་དོན་ལུ་ རྒེད་འོག་ལས་ ཉིནམ་༣ དང་༧ གྱི་བར་ན་ རྐང་ཐང་སྦེ་འགྱོ་དགོཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment