གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་ལུ་བརྟེན་ མཆོད་བཤམ་གྱི་ཚོང་འབྲེལ་ ཡར་དྲག་སོང་ཡོདཔ།

༥/༩/༢༠༡༢   ༉ སྐྱེས་ལོ་༢༦ ལང་མི་ ཨྱོན་ལྷུན་གྲུབ་དེ་ ཁོ་ར་ཆུང་ཀུའི་བསྒང་ལས་ ཕམ་གྱིས་སློབ་གྲྭ་ནང་ ཆོས་ཡོན་ཏན་སྦྱང་པར་བཙུགས་མ་ཚུགས་རུང་ ཁོ་རའི་གཡུས་ཁ་ལས་ ཡོན་ཏན་ལྷབ་མི་ཆ་རོགས་ཚུ་ ད་རེས་ནངས་པ་ ལཱ་གཡོག་ཕྱམ་ཕྱིམ་རེ་འབད་སྡོད་སར་མཐོངམ་ད་ ཁོ་རའི་སེམས་ཁ་ལུ་ སྐྱོ་སྣང་ཟེརཝ་ཅིག་ ག་ནི་ཡང་ཤར་ནི་མེད་མི་དེ་ཡང་ ཁོ་རའི་ལག་རྩལ་ལུ་བརྟེན་ ཞི་གཡོགཔ་ཚུ་བཟུམ་སྦེ་ར་ མི་ཚེ་འཚོ་སྐྱོང་འཐབ་ཚུགསཔ་མ་ཚད་ དངུལ་གྱི་འོང་འབབ་བཟོ་ཚུགས་མི་ལུ་བརྟེན་ཏེ་ཨིན་པས།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
ཨྱོན་ལྷུན་གྲུབ་ཀྱིས་ མཆོད་བཤམ་བཟོ་བའི་བསྒང་།


དེ་ཡང་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ སྟོང་ལ་དགོན་པ་ལས་ཨིན་མི་ ཨྱོན་གྱིས་ མཆོད་བཤམ་ལྷམ་པ་མ་འདྲཝ་༣ དེ་ཅིག་བཟོ་སྟེ་ ལོ་བསྟར་བཞིན་དུ་ དངུལ་གྱི་འོང་འབབ་ཉུང་ཤོས་ དངུལ་ཀྲམ་༥༠,༠༠༠ དེ་རེ་ བཟོ་ཚུགས་དོ་ཡོདཔ་ལས་ ནང་མི་བཟའ་ཚང་ འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་མེདཔ་ཨིན་པས།
སྐྱེངས་མཁར་རྒེད་འོག་ནང་ རང་ལུགས་ཀྱི་ལག་བཟོ་དེ་ སྔོན་དང་ཕུ་ལས་ར་ ཡོངས་གྲགས་ཡོད་པའི་བཟོ་རིག་ཅིག་ཨིནམ་ད་ བཟོ་རིགས་ཚུ་གི་གྲས་ལས་ ད་རེས་ནངས་པ་ མི་སེར་མང་ཤོས་ཅིག་གིས་ ཁྱབ་ཆེ་ཤོས་ མཆོད་བཤམ་མང་སུ་བཟོ་དོ་ཡོདཔ་ད་ དེ་ཡང་ གཡུས་ཚན་དེ་ནང་ འཁོར་ལམ་གྱི་མཐུན་རྐྱེན་ལྷོད་ཡོདཔ་ལས་ ཉོ་མི་ཡང་ རྫོང་ཁག་སོ་སོའི་ཞི་གཡོགཔ་དང་ ཚོང་པ་ ལྷག་པར་དུ་ རྒྱལ་པོའི་ཞིང་དང་ མོང་སྒར་ལུ་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ཚུ་ཡོད་ནི་དེ་གིས་ཨིན་པས།
ཁོང་ མཆོད་བཤམ་བཟོ་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མཆོད་བཤམ་བཟོ་ནིའི་ལཱ་དེ་ཡང་ མང་ཤོས་ར་ གནམ་དགུན་ སོ་ནམ་གྱི་ ལཱ་ཤུགས་འབད་དགོཔ་མེད་པའི་སྐབས་ལུ་བཟོ་དོ་ཡོདཔ་མ་ཚད་ གནམ་བྱཱར་ལུ་ཡང་ སོ་ནམ་གྱི་ལཱ་ལས་ལྷག་སྟེ་ མཆོད་བཤམ་བཟོ་ནི་ལུ་ རྩ་འགེངས་དགོ་མི་དེ་ མཁོ་འདོད་བསྐྱེད་མི་ ཞི་གཡོགཔ་དང་ ཚོང་པ་ ཉིནམ་ཅིག་བ་ ཉིནམ་ཅིག་ མང་སུ་ཐོན་ནིཡོདཔ་ལས་ཨིན་པས།
མཆོད་བཤམ་གྱི་གོང་ཚད་དེ་ བཟོ་བཀོད་དང་འཁྲིལ་ ལྷམ་པ་མ་འདྲཝ་༣ དེ་ཅིག་ཡོདཔ་ད་ ཉུང་ཤོས་དེ་ དངུལ་ཀྲམ་༡༢,༠༠༠ དང་ མཐོ་ཤོས་ པ་ཏྲ་བརྐོ་མི་ལུ་ དངུལ་ཀྲམ་༣༥,༠༠༠ རེ་སླབ་དོ་ཡོདཔ་ད་ ཨྱོན་གྱིས་འབད་བ་ཅིན་ མཆོད་བཤམ་༡ བཟོ་ཚར་ནི་ལུ་ ཉིན་གྲངས་༢༥ དེ་རེ་འགོརཝ་མས་ཟེར་ཨིནམ་ད་ ཁོ་གིས་ མཆོད་བཤམ་གྱི་ལཱ་འབད་དེ་ ལོ་༢ དེ་ཅིག་སོང་ཡོདཔ་ད་ ད་ལྟོ་ཚུན་ མཆོད་བཤམ་༢༠ དེ་ཅིག་བཙོང་ཡོདཔ་ཨིན་པས།
ཨིན་རུང་ ཁོ་གིས་སླབ་མིའི་ནང་ འཕྲལ་མགྱོགས་ར་ གཡུས་ཁ་ལུ་ གློག་མེ་ལྷོད་ཚུགས་ནི་ཨིནམ་ལས་ མཆོད་བཤམ་གྱི་ལཱ་འབད་ནི་ལུ་ ཧེང་སྐལ་ར་ སྤྲོ་བ་སྦོམ་བསྐྱེད་ཚུགས་ནི་ཨིན་པའི་ཁར་ དངུལ་གྱི་འོང་འབབ་སྦོམ་བཟོ་ཚུགས་པའི་རེ་བ་བསྐྱེད་མི་དེ་ཡང་ གནམ་ནུབ་མོ་ ལཱ་འབད་ཚུགས་ནི་དང་ ད་རེས་ནངས་པ་ ལགཔ་གིས་འབད་མི་བྱི་ལི་དེ་ གློག་འཕྲུལ་ཐོག་ལས་ འབད་ནི་ཡོདཔ་ལས་ ལཱ་གི་སྤུས་ཚད་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ཁར་ གོང་ཚད་ཡང་ དེ་དང་འཁྲིལ་གནས་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༤༦ ལང་མི་ རིག་འཛིན་གྱིས་ཡང་ མཆོད་བཤམ་གྱི་ ལཱ་འབད་དེ་ ལོ་༡༩ དེ་ཅིག་སོང་ཡོདཔ་ད་ དུས་ཚོད་ཐོབ་པའི་སྐབས་ལུ་ མཆོད་བཤམ་ཚུ་བཟོ་སྟེ་ བཙོང་ཚུགས་མི་ལུ་བརྟེན་ ནང་མི་བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་སྦོམ་ཅིག་ ག་ནི་ཡང་མེད་མི་དེ་ ཁོ་གིས་ དངུལ་གྱི་འོང་འབབ་ ཟླཝ་རེ་ལུ་ དངུལ་ཀྲམ་༥༠,༠༠༠ དང་ ༦༠,༠༠༠ གི་བར་ན་ བཟོ་ཚུགས་ནི་དེ་གིས་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མཆོད་གཤམ་དེ་ བཟོ་སྐྲུན་འབད་བའི་སྐབས་ལུ་ ལྷམ་པ་མ་འདྲཝ་༣ ཡོད་མི་ཚུ་ ཁང་བཟང་མཆོད་བཤམ་དང་ གློམ་བུར་མཆོད་བཤམ་ དེ་ལས་ པ་ཏྲ་བརྐོ་མི་ མཆོད་བཤམ་ཚུ་ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ འཁོར་ལམ་གྱི་ཞབས་ཏོག་ལུ་བརྟེན་ མཆོད་བཤམ་ཉོ་འདོད་བསྐྱེད་མི་ ཧེ་མ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ལས་ གཡུས་ཁ་ལུ་སྡོད་མི་ ན་གཞོན་ཆོས་ལྷབ་མ་ཚུགས་མི་ཚུ་གིས་ཡང་ ལག་བཟོ་ལུ་ སྤྲོ་བ་སྦོམ་བསྐྱེད་སར་མཐོངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁོ་རའི་ཨ་ལུ་༥ སློབ་གྲྭ་ནང་བཏང་ནི་ལུ་ ཟད་འགྲོའི་དཀའ་ངལ་མ་བྱུང་མི་དེ་ མཆོད་བཤམ་ལས་བརྟེན་ཨིན་ཟེར་ཨིནམ་ད་ ཁོ་གིས་ ད་ལྟོ་ཚུན་ མཆོད་བཤམ་༤༠ དེ་ཅིག་བཙོང་ཡོད་མི་ཚུ་ཡང་ མང་ཤོས་ར་ མོང་སྒར་དང་ ཉེ་འདབས་ཀྱི་རྫོང་ཁག་ དེ་མ་ཚད་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ཁྲོམ་ཚུ་ནང་བཙོང་ཡི་ཟེར་ཨིན་པས།
མཆོད་བཤམ་བཟོ་ནིའི་དོན་ལུ་ ཤིང་དེ་ ཁོང་རའི་གྲོང་སྡེ་ནགས་ཚལ་བཟོ་ཡོད་མི་ལས་ ཆོག་ཐམ་ལེན་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ ད་རེས་ནངས་པ་ སྐྱེངས་མཁར་གྱི་མི་སེར་ཚུ་གིས་ མཆོད་བཤམ་གྱི་འོང་འབབ་སྦོམ་བཟོ་ཚུགས་མི་དེ་ འཁོར་ལམ་ལུ་བརྟེན་ཨིནམ་ད་ སང་ཕོད་གློག་མེ་ལྷོད་ཞིནམ་ལས་ ལག་བཟོ་ལུ་བརྟེན་ འོང་འབབ་དེ་ ལོག་ལྟབ་སྦེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ དར་རྒྱས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment