གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྒྱུད་འཕྲིན་ལྷོད་མི་ལས་ བརྒྱ་ཆ་༩༠ དེ་ཅིག་དོན་མེད།

༣/༩/༢༠༡༢   ༉ ཐིམ་ཕུ་ཁྲོམ་སྡེའི་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ འཐུས་མ་ཕོག་པའི་ བརྒྱུད་ཕྲིན་ཨང་༡༡༣ ལག་ལེན་འཐབ་མི་ ཁྲིམས་སྲུང་འགག་པ་ཅིག་གིས་ བརྒྱུད་འཕྲིན་འཐུ་བའི་སྐབས་ལུ་ བརྒྱུད་འཕྲིན་བཏང་མི་ ལ་ལུ་ཅིག་གིས་ ག་ཅི་ཡང་ སླབ་མ་བཏུབ་པར་ ཨེབ་བཞགཔ་མ་ཚད་ ལ་ལུ་ཅིག་གིས་ མོང་སྒར་ལུ་ཨིན་ན་ཟེར་ དྲི་དོ་ཡོདཔ་ཨིན་པས།


མ་གཞི་ བརྒྱུད་ལམ་དེ་གི་ཐོག་ལས་ དཀྲོགས་མི་ཚུ་ གློག་རིག་ཀམ་པུས་ཊར་ནང་ སྒྲ་བཟུང་བཞག་དོ་ཡོདཔ་ཨིན་རུང་ བརྒྱུད་འཕྲིན་ཚུ་ ག་ཏེ་ལས་བཏངམ་ཨིན་ན་དང་ ཨང་གྲངས་ག་ཅི་གི་ཐོག་ལས་ བཏང་དོ་ཡོདཔ་ཨིན་ན་ གསལ་སྟོན་འབད་ཚུགས་པའི་ འཕྲུལ་ཆས་ཚུ་ མེདཔ་ཨིན་པས།
རྫོང་ཁག་གཞན་ཚུ་ནང་འབད་བ་ཅིན་ འཐུས་མ་ཕོག་པའི་ བརྒྱུད་ལམ་གྱི་དོན་ལུ་ འགྲུལ་འཕྲིན་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ དོན་བདག་མེད་པར་ དཀྲོགས་མི་ཚུ་ ག་ཨིན་ན་ ཤེས་ཚུགསཔ་ཨིན་རུང་ ཐིམ་ཕུ་ལུ་ མི་རློབས་མང་ནི་དེ་གིས་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བྱིན་ནིའི་དོན་ལུ་ བརྒྱུད་འཕྲིན་༣ བཞག་སྟེ་ཡོདཔ་ཨིན་པས།
དེ་ནང་ བརྒྱུད་འཕྲིན་ལག་ལེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ བརྒྱུད་ལམ་དེ་གི་ཐོག་ལས་ལྷོད་མི་ བརྒྱུད་འཕྲིན་ཚུ་ལས་ བརྒྱ་ཆ་༩༠ དེ་ཅིག་ དོན་མེད་དགོད་བྲ་འབད་དེ་ དཀྲོགས་མི་ཚུ་ ཨིནམ་སྦེ་ སླབ་ཨིན་པས།
ཨིན་རུང་ ད་རེས་ཁམས་ཅིག་ཁར་ མི་ལ་ལུ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ བརྒྱུད་འཕྲིན་ཨང་གྲངས་དེ་གི་ཐོག་ལས་ བརྒྱུད་འཕྲིན་ག་དེམ་ཅིག་ར་བཏང་རུང་ འཐུ་མི་བཏུབ་པས་ཟེར་བའི་ ཉོགས་བཤད་ཚུ་ བཀོད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ བརྒྱུད་འཕྲིན་ཚུ་ ནམ་ར་ལྷོད་རུང་ མ་འཐུ་བར་ བཞག་ནི་མེདཔ་མ་ཚད་ བརྒྱུད་འཕྲིན་འཐུ་ནིའི་དོན་ལུ་ ཉིན་ནུབ་མེད་པར་ ཁྲིམས་སྲུང་འགག་པ་དང་ འགོ་དཔོན་༢ རེ་ བཞག་དོ་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ནང་ འཐུས་མ་ཕོག་པའི་ བརྒྱུད་ལམ་དེ་གི་ཐོག་ལུ་བཞག་མི་ བརྒྱུད་འཕྲིན་༣ ཆ་རའི་ནང་ བརྒྱུད་འཕྲིན་ཚུ་ལུ་ ངོས་ལེན་འབད་བའི་སྐབས་ལུ་ཡང་ བརྒྱུད་འཕྲིན་གཞན་ཚུ་བཟུམ་མེན་པར་ བརྒྱུད་འཕྲིན་འགྱོ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མི་གིས་ ཁྲིམས་སྲུང་འགག་པ་ཚུ་གིས་ བརྒྱུད་འཕྲིན་མི་འཐུ་བས་ཟེར་ སླབ་མི་དེ་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རེ་ཚེ་སྐབས་ མི་ཚུ་གིས་ བརྒྱུད་འཕྲིན་བཏང་སྟེ་ ཁྲིམས་འགལ་གྱི་ ལཱ་ཚུ་གི་སྐོར་ལས་ སྙན་ཞུ་འབད་དོ་ཡོདཔ་ད་ ས་གནས་ནང་ལྷོདཔ་ད་ ག་ཅི་ཡང་ མི་འོང་པས་ཟེར་ཨིན་པས།
དེ་བཟུམ་མའི་ སྙན་ཞུ་ཚུ་ལྷོད་པའི་སྐབས་ སྙན་ཞུ་འབད་མི་དེ་གི་ འགྲུལ་འཕྲིན་ཨང་གྲངས་ཚུ་ ལེནམ་ད་ཡང་ མི་ཚུ་གིས་ ཁོང་ལུ་ ཁ་ཉེས་བཀལ་ནི་བཟུམ་སྦེ་མཐོང་སྟེ་ ཙིགཔ་ཟ་དོ་ཡོདཔ་ད་ སྙན་ཞུ་འབད་མིའི་ འགྲུལ་འཕྲིན་ཨང་གྲངས་ལེན་དགོ་མི་དེ་ཡང་ ཁྲིམས་སྲུང་འགག་པ་ཚུ་ ས་གནས་ཁར་ལྷོདཔ་ད་ ས་ཁོངས་ག་ཏེ་ཨིན་ན་ དབྱེ་ཞིབ་འབད་ནིའི་དོན་ལུ་ རྐྱངམ་གཅིག་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་མས།
དེ་བཟུམ་མའི་ ཉོགས་བཤད་བཀོད་མི་ཚུ་ཡང་ ཁྲིམས་སྲུང་འགག་པ་ལུ་ མ་དགའ་མི་ཚུ་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ བརྒྱུད་འཕྲིན་ཐོག་ལས་ སྙན་ཞུ་ལྷོདཔ་ཅིག་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ ས་གནས་ནང་ ལྷོད་མི་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ མི་སེར་ལུ་ ཞབས་ཏོག་ཚུ་ ཡར་དྲག་ཐོག ་བྱིན་ནིའི་དོན་ལུ་ ཐིམ་ཕུ་ལས་ ཐག་རིང་བའི་ ས་གནས་ཚུ་ནང་ ཡན་ལག་ཡིག་ཚང་ཚུ་ཡང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།
བརྒྱུད་འཕྲིན་ཚུ་ཡང་ མང་ཤོས་ཅིག་ར་ ནུབ་མོའི་དུས་ཚོད་ལུ་ འོང་དོ་ཡོདཔ་ད་ གནད་དོན་ཚུ་ཡང་ མང་ཤོས་ཅིག་ར་ བཟའ་ཚང་དང་འབྲེལ་བའི་ དཀའ་ངལ་ཚུ་ཨིན་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉིནམ་རེ་ལུ་ བརྒྱུད་འཕྲིན་ལན་ཐེངས་༥༠༠ ལྷགཔ་རེ་ ལྷོདཔ་མས་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment