གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་ཆུ་དཀོན་ནི་དེ་གིས་ གེ་ཟའི་ཞིང་མང་ཤོས་ར་ སྟོངམ་སྦེ་ལུས་ཡོདཔ།

༣/༩/༢༠༡༢   ཀ་ལ་སྤང་གཡུས་ཚན་གྱི་ གཡུས་མི་ཚུ་གིས་ འདས་པའི་བདུན་ཕྲག་ནང་ ཆརཔ་ཕབ་ནིའི་དོན་ལུ་ ཆོས་སྐྱོང་སྲུང་མ་དང་ གནས་བདག་གཞི་བདག་ཚུ་ལུ་ གསོལ་ཁ་ཕུལ་ཡོདཔ་ཨིན་པས།

༉ སྐྱེས་ལོ་༣༤ ལང་མི་ ཀུན་ལེགས་ཀྱིས་ ཧེ་མ་འབད་བ་ཅིན་ དགའ་སྟོན་རྟེན་འབྲེལ་དང་ མི་མང་འཛོམས་སར་ ཆང་ག་ཐོབ་རྐྱབ་སྟེ་ འཐུང་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཆང་འཐུང་ནི་ལས་ བཤོལ་བཞག་མི་དེ་ཡང་ ཁོ་རའི་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ཏེ་མེན་པར་ གནད་དོན་སོ་སོ་ཅིག་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།


ཁོ་ར་ ཆང་སྤང་དགོ་པའི་ གནད་དོན་གཙོ་བོ་ར་ འཕྲལ་ཁམས་ཅིག་ལས་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་ནང་ ཆར་ཆུ་དཀོན་མི་ལུ་བརྟེན་ གེ་ཟའི་ཐོན་སྐྱེད་ ཉུང་ནི་དེ་གིས་ཨིན་པས།
ཀུན་ལེགས་ཀྱིས་ སླབ་མིའི་ནང་ དུས་ཅི་ ཁོ་གི་གཡུས་ཚན་ནང་ ཆར་ཆུ་དཀོན་ནི་དེ་གིས་ གེ་ཟ་གངམ་བཏབ་མ་ཚུགས་པར་ ཞིང་མང་ཤོས་ར་ སྟོངམ་སྦེ་ལུས་སོ་ཡི་ཟེར་ཨིན་པས།
ལོ་ཐོག་ཚུ་གི་གྲས་ལས་ གཙོ་ཅན་ཅིག་ གེ་ཟ་བཏབ་ནི་དེ་ཨིན་རུང་ བར་སྐབས་ཅིག་ལས་ར་ ཆར་ཆུ་དཀོན་ནི་དེ་གིས་ ཐོན་ཤུགས་ལེགས་ཤོམ་ མི་འོང་དོ་ཡོདཔ་ལས་ གལ་སྲིད་ གེ་ཟ་ཚུ་ ཆང་བཟོ་སྟེ་འཐུང་པ་ཅིན་ ཁོ་རའི་ ནང་མི་བཟའ་ཚང་༩ དེ་ཅིག་ འཚོ་སྐྱོང་འཐབ་མ་ཚུགས་པར་ ལུས་ནིའི་ཉེན་ཁ་ཡོདཔ་ལས་ ཆང་འཐུང་ནི་དེ་ བཤོལ་བཞག་ཅི་ཟེར་ ཀུན་ལེགས་ཀྱིས་ སླབ་ཨིན་པས།
ཁོ་གིས་ ལོ་བསྟར་བཞིན་དུ་ སྐམ་ཞིང་ཨེ་ཀར་༣ དང་ཕྱེད་ནང་ གེ་ཟ་ཐེངས་༢ བཏབ་དོ་ཡོདཔ་ཨིན་རུང་ གེ་ཟའི་ཐོན་སྐྱེད་དེ་ ལོ་རེ་ཆད་མེད་པར་ སྐྱོ་སུ་སྦེ་ར་ མར་འབབ་འགྱོ་མི་དེ་ཡང་ གཙོ་བོ་ར་ ཆར་ཆུ་དཀོན་ནི་དེ་གིས་ཨིན་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་འབད་བ་ཅིན་ ལོ་༡ ནང་ གེ་ཟ་ཐེངས་༢ བཏབ་མི་དེ་གིས་ བཟའ་ཚང་ནང་མི་ཚུ་གི་དོན་ལུ་ ལོ་༡ གི་ རྒྱགས་སྐལ་ལང་ཚུགས་དོ་ཡོདཔ་ ཨིན་རུང་ དུས་ཅི་གེ་ཟའི་ཐོན་སྐྱེད་ ཙེཝ་༡༥ དེ་ཅིག་ལས་ བསྡུ་མ་ཚུགས་ནི་དེ་གིས་ རྒྱ་ཆུམ་ལུ་བརྟེན་སྡོད་དགོ་པའི་ གནས་སྟངས་ལུ་ཐུག་སོ་ཡི་ཟེར་ཨིནམ་ད་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ རྒྱ་ཆུམ་ཀེ་ཇི་༥༠ གིས་ བཟའ་ཚང་གི་དོན་ལུ་ ཉིནམ་༢༠ དེ་ཅིག་ཡང་ ལང་མི་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཁར་ཆར་ཆུ་དཀོན་རུང་ དྲག་ཤོས་ར་ ཉིན་བསྟར་གྱི་གླ་ཆ་ཐོག་ བཟོ་སྐྲུན་གྱི་ལཱ་འབད་བར་ འགྱོ་དོ་ཡོདཔ་ལས་ གླ་ཆ་ཐོབ་མི་དེ་གིས་ རྒྱ་ཆུམ་ཉོ་སྟེ་ འཚོ་སྐྱོང་འཐབ་ཚུགས་པས་ཟེར་ཨིནམ་ད་ དེ་བཟུམ་མའི་ ཐབས་ཤེས་བཏོན་མ་ཚུགས་པ་ཅིན་ གེ་ཟ་ལུ་བརྟེན་ བཟའ་ཚང་འཚོ་སྐྱོང་འཐབ་ནི་དེ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིནམ་ད་ ཁོ་གིས་ ཆང་བཅད་དེ་ ལོ་༡༠ དེ་ཅིག་ ལང་ཡོདཔ་ཨིན་པས།
འདི་དང་འདྲཝ་སྦེ་ སྐྱེས་ལོ་༤༥ ལང་མི་ སོ་ནམ་པ་ བསོད་ནམས་ཀྱིས་ སླབ་མིའི་ནང་ ཀ་ལ་སྤང་གཡུས་ཚན་ནང་ དུས་ཅི་ ཆར་ཆུ་དཀོན་ནི་དེ་གིས་ གཡུས་མི་སོ་ནམ་པ་ མང་ཤོས་ཅིག་གིས་ གེ་ཟ་ཚར་གཅིག་ལས་བརྒལ་ བཏབ་མ་ཚུགས་ཟེར་ཨིནམ་ད་ ཚར་ཅིག་བཏབ་མི་དེ་ཡང་ ག་དེ་སྦེ་ ལེགས་ཤོམ་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་དེ་ སྤང་ཐང་གི་ སྦུག་ལུ་ཨིནམ་ལས་བརྟེན་ ལོ་ཐོག་གེ་ཟ་རྐྱངམ་གཅིག་ལུ་ བརྟེན་སྡོད་དོ་ཡོདཔ་ཨིན་རུང་ དང་པ་ ཞིང་ཆུ་མེད་པའི་ཁར་ གཉིས་པ་ཟེརཝ་ད་ ཆར་ཆུ་དཀོན་ནི་དེ་གིས་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ རང་ཟླ་༢ པ་དང་༣ པའི་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་དེ་ རང་ཟླ་༥ པ་དང་༦ པའི་བར་ན་ བསྡུ་ཞིནམ་ལས་ ད་རུང་ རང་ཟླ་༦ པའི་ནང་ ཐེངས་༢ པ་ བཏབ་དོ་ཡོདཔ་ད་ དུས་ཅི་ ལོ་འགོ་བཙུགསཔ་ད་ར་ ཆར་ཆུ་དཀོན་ནི་དེ་གིས་ སོ་ནམ་པ་ མང་ཤོས་ཅིག་གིས་ར་ གེ་ཟ་བཏབ་མ་ཚུགས་པར་ ཞིང་སྟོངམ་སྦེ་ ལུས་སོ་ཡི་ཟེར་ཨིན་པས།
བསོད་ནམས་ཀྱིས་ ཨ་རྟག་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ས་ཞིང་གླང་དོ་༥ དེ་ཅིག་ནང་ གེ་ཟ་ཐེངས་༢ འཛུགས་སྐྱོང་འབད་མིའི་ ཐོན་སྐྱེད་དེ་གིས་ ཆང་བཙོ་ནི་དང་ སྲིབ་བརྡུང་ནི་ དེ་ལས་ ཁ་རང་བཟོ་ནིའི་དོན་ལུ་ ལང་ཚུགསཔ་ལས་ རྒྱ་ཆུམ་ཉོ་སྟེ་ བཟའ་མ་དགོཔ་ཨིན་ཟེར་ཨིན་པས།
གཡུས་མི་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ཆར་ཆུ་དཀོན་པའི་བསྒང་ལས་ སོ་ནམ་པ་ཚུ་ ལཱ་ག་ཅི་འབད་རུང་ གྲུབ་འབྲས་ལེགས་ཤོམ་ཅིག་ བྱུང་མ་ཚུགསཔ་ལས་ སོ་ནམ་པ་ཚུ་ བྱ་ཐབས་མེད་པར་ ཁོང་རའི་ ནང་མི་བཟའ་ཚང་ཚུ་གི་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ གླ་བཏགས་ཏེ་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་ཕྱམ་ཕྱིམ་རེ་འབད་བར་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ས་གླིང་རྒེད་འོག་གི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ ས་གནས་གཞན་ཁར་འབད་བ་ཅིན་ ཆར་ཆུ་དཀོན་པའི་སྐབས་ལུ་ ཞིང་ཚུ་ནང་ ཆུ་དཔག་ཐོག་ལས་ ལོ་ཐོག་ལེགས་ཤོམ་འོང་དོ་ཡོདཔ་ཨིན་རུང་ ཀ་ལ་སྤང་གཡུས་ཚན་ནང་ ཆུ་རྐ་ཕུད་རྡོག་གཅིག་ལས་བརྒལ་ མེད་པ་ལུ་བརྟེན་ཏེ་ ཐ་ན་ འཐུང་ནིའི་དོན་ལུ་ཡང་ ཁྱབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་ནང་ གལ་སྲིད་ གཞུང་གིས་ ཞིང་ཆུའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བཟོ་གནང་པ་ཅིན་ ཆུ་ཞིང་བཟོ་བཏུབ་པའི་ ས་ཆ་ཡོདཔ་མ་ཚད་ འབྲུ་སྣ་དགུཔོ་ཆ་ར་ ལེགས་ཤོམ་སྦེ་ འཚོ་དོ་ཡོདཔ་ལས་ གཡུས་མི་ཚུ་ལུ་ བཟའ་འཐུང་གི་དཀའ་ངལ་ སྦོམ་ཅིག་ར་ མི་བྱུང་ནི་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ཀ་ལ་སྤང་གཡུས་ཚན་ནང་ ཁྱིམ་གུང་པ་༢༥ དེ་ཅིག་ཡོད་པའི་གྲས་ལས་ མང་ཤོས་ར་ དུས་ཅི་ ཆར་ཆུ་དཀོན་ནི་དེ་གིས་ ཨ་རྟག་བཟུམ་སྦེ་ ལོ་གཅིག་ནང་ གེ་ཟ་ཐེངས་༢ འཛུགས་སྐྱོང་འབད་མ་ཚུགས་པར་ ལུས་སོ་ནི་དེ་གིས་ སེམས་ཕམ་བྱུང་ནུག་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་གྱི་ མི་སེར་ཚུ་གིས་ མཉམ་རུབ་ཐོག་ལས་ འདས་པའི་བདུན་ཕྲག་ནང་ ཆརཔ་ཕབ་ནིའི་དོན་ལུ་ ཆོས་སྐྱོང་སྲུང་མ་དང་ གནས་བདག་གཞི་བདག་ཚུ་ལུ་ གསོལ་ཁ་ཕུལ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment