གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ དྭངས་ཆུ་ཟམ་འཕྱགས་བདའ་མི་གིས་ མི་སེར་གྱི་ཚོང་འབྲེལ་ལུ་ ཐོ་ཕོག་དོ་ཡོདཔ།

༨/༩/༢༠༡༢   ༉ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ལུ་ ལམ་སེལ་ལས་ཁུངས་ཀྱི་ ལས་བྱེདཔ་ཚུ་གིས་ ཟུར་ལམ་བསལ་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ད་ དྭངས་ཆུ་ཟམ་དེ་ སྤྱི་ཟླ་༨ པའི་ཚེས་༢༧ གྱི་ཕྱི་རུ་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོད་ལས་ རྒེད་འོག་གི་མི་སེར་ཚུ་ བརྒྱུད་འབྲེལ་ལེགས་ཤོམ་སྦེ་ འཐབ་མ་ཚུགས་པའི་དཀའ་ངལ་བྱུང་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ འཕྱགས་བདའ་མིའི་དྭངས་ཆུ་ཟམ།


རིང་ཚད་ཕིཊ་༨༠ དང་ རྒྱ་ཚད་མི་ཊར་༤ དེ་ཅིག་འབད་མིའི་ ལྕགས་ཟམ་དེ་ ས་དང་ ཤིང་གི་རག་རོ་ཚུ་གི་འོག་ལུ་ ཚུད་ཡོདཔ་ད་ ཟམ་དེ་ རྒེད་འོག་ནང་ ཀི་ལོ་མི་ཊར་༡༨ དེ་ཅིག་འབད་མི་ སྣུམ་འཁོར་ཡན་ལག་ལམ་ མཐུད་སྦྲེལ་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༠ ལུ་རྐྱབ་ཡོདཔ་ཨིན་པས།
རྒེད་འོག་གི་ སྣུམ་འཁོར་ཡན་ལག་ལམ་དེ་ ནོརབུ་སྡིངས་ལས་སྦྲེལ་མཐུད་འབད་ཡོདཔ་ད་ ནོརབུ་སྡིངས་ཀྱི་ས་གནས་དེ་ དབང་འདུས་ བ་འཇོ་ཁྲོམ་ལས་ ཀྲོང་གསར་ཁ་ཐུག་ ཀི་ལོ་མི་ཊར་༤༡ དེ་ཅིག་ འགྱོ་དགོ་པའི་ས་ཁར་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་ལས་རོགས་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཟུར་ལམ་གྱི་དོན་ལུ་ རྩི་ས་དང་ ལྕགས་ཀྱིས་བཟོ་མི་ཆུ་དུང་༩ བཙུགས་ཅི་ཟེར་ཨིནམ་ད་ དྭངས་ཆུ་ཟམ་དེ་ རོང་ཆུའི་གུ་ལས་ཕར་རྐྱབ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟམ་འཕྱག་བདའ་སྟེ་ ནངས་པ་ལས་ར་ ཟུར་ལམ་སེལ་ནིའི་ལཱ་འགོ་བཙུགས་ནི་དེ་གིས་ སྣུམ་འཁོར་ཚུ་ དེ་ཁ་ལས་ རྒྱུན་འགྲུལ་འཐབ་ཚུགས་ཅི་ཟེར་ཨིན་རུང་ ཆུ་རུད་དེ་ ད་ལྟོའི་བར་ན་ཡང་ འོངམ་འོང་ས་ར་སྡོད་ནི་དེ་གིས་ ལཱ་འབད་ནི་ལུ་ གནོདཔ་མས་ཟེར་ཨིན་པས།
ཟམ་དེ་འཕྱགས་བདའ་བའི་ཤུལ་ལུ་ དེ་ཁ་སྡོད་མི་ཚུ་གིས་ ས་རྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་ནང་འཛུལ་ཐོག་ལས་ ཆུ་བརྒལ་བའི་ཁར་ ལ་ལུ་ཅིག་གིས་ ཚོང་འབྲེལ་གྱི་དོན་ལུ་ ཀེ་བའི་དོས་ཚུ་ཡང་ དེ་ནང་བཙུགས་ཏེ་ ཆུ་ཕར་ཁ་བཏོན་ཡོདཔ་ད་ ས་རྐོ་འཕྲུལ་ཆས་དེ་ ལམ་སེལ་ལས་ཁུངས་ཀྱིས་ ཟུར་ལམ་བསལ་ནིའི་དོན་ལུ་ བཞག་ཡོདཔ་ཨིན་པས།
ད་རེས་ ཀེ་བ་བཙོང་ནིའི་དུས་ཚོད་ཨིནམ་ལས་ རོང་ཆུ་ཕར་ཁ་ཡོད་མི་ དོན་གྲུབ་ཆོས་གླིང་དང་ དགའ་ར་སྟག་སྲུང་ དེ་ལས་ ཏོག་དཀར་གླིང་ སྤྱི་འོག་༣ གྱི་ སོ་ནམ་ཞིང་པ་ཚུ་གིས་ ལམ་བརྟན་ཏོག་ཏོ་མེད་རུང་ ཀེ་བ་གཏོན་ནིའི་ལཱ་ཚུ་ འབད་དོ་ཡོདཔ་ད་ ཀེ་བ་ཚུ་ ཕུན་ཚོགས་གླིང་ལུ་ དུས་ཚོད་འ་ནེམ་ཅིག་ཁར་བཙོང་པར་འབག་དོ་ཡོདཔ་ལས་ སོ་ནམ་ཞིང་མི་ཚུ་ལུ་ ཚ་གྱང་ལང་ཡོདཔ་ཨིན་པས།
ཀེ་བ་དེ་ རྒེད་འོག་ནང་ འོང་འབབ་བཟོ་མིའི་ དངུལ་ཐོག་ངོ་མ་ཅིག་ཨིནམ་ལས་ གལ་སྲིད་ དུས་ཚོད་ཁར་ཚོང་འབྲེལ་འཐབ་མ་ཚུགས་པ་ཅིན་ རུལ་ནིའི་ཉེན་ཁ་ཡོདཔ་ལས་ ལམ་ལེགས་ཤོམ་མེད་རུང་ ཉེན་ཁ་འབག་སྟེ་ ལཱ་འབད་དགོཔ་ཐོནམ་མས་ཟེར་ སོ་ནམ་པ་ རྣམ་རྒྱལ་གྱིས་ སླབ་ཨིན་པས།
དྭངས་ཆུ་རྒཔོ་ བསོད་ནམས་རྡོ་རྗེ་གིས་ འབད་བ་ཅིན་ མི་སེར་གྱི་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ས་ ངོ་མ་ཅིག་ཨིནམ་ལས་ ཟམ་མེད་པའི་སྐབས་ སོ་ནམ་པ་ཚུ་གིས་ དངུལ་ཐོག་ཚོང་འབྲེལ་འབད་མ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་མ་ཚད་ རྒེད་འོག་གི་ གཞུང་དོན་ལཱ་འབད་ནི་ལུ་ཡང་ བར་ཆད་རྐྱབ་མས་ཟེར་ ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment