གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ཆུ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ཆུ་མཛོད་བཟོ་ཡོདཔ།

༨/༩/༢༠༡༢   རྩི་རང་རྫོང་གི་ ཉེ་འདབས་ལུ་བཟོ་མི་ ཆུ་མཛོད་ཀྱི་མཐོང་སྣང་།

༉ རྩི་རང་རྫོང་གི་ མཐའ་འཁོར་ལུ་ མཛེས་ཆ་དང་ལྡན་པའི་སྒང་ཏོག་དང་ སྤོ་ཏོག་ལེ་ཤ་འཛོམས་པའི་སྦུག་ལུ་ མཚོ་ཆགས་ཆགསཔ་བཟུམ་མའི་ ཆུ་མཛོད་སྦོམ་ཅིག་ བཟོ་ཡོད་མི་དེ་གིས་ ས་ཁོངས་མཛེས་ཏོག་ཏོ་སྦེ་ མཐོངམ་མ་ཚད་ ཕན་གནོད་གཞན་ཡང་ བཤད་ནི་ཡོདཔ་ཨིན་པས།
རྩི་རང་རྫོང་གི་ ཉེ་འདབས་ལུ་བཟོ་མི་ ཆུ་མཛོད་ཀྱི་མཐོང་སྣང་།


དེ་ཡང་ རིང་ཚད་མི་ཊར་༢༥ དང་ རྒྱ་ཚད་མི་ཊར་༡༦ དེ་ལས་ གཏིང་ཚད་ཕིཊ་ཕྱེད་དང་༥ དེ་ཅིག་འབད་མི་ ཆུ་མཛོད་ཅིག་ བཟོ་ཡོད་མི་དེ་ཡང་ ས་གནས་ཀྱི་ མི་སེར་ཚུ་ ལྕང་ལཱ་རྐྱབ་པའི་སྐབས་ ཆུ་ལང་མ་ཚུགས་པའི་དཀའ་ངལ་ བསལ་ནིའི་དོན་ལུ་དང་ གནམ་དགུན་གྱི་དུས་ཚོད་ལུ་ ཆུ་སྐམ་པའི་སྐབས་ ཆུ་བཀྲམ་སྤེལ་འབད་ནིའི་དོན་ལུ་ བཟོ་བཟོཝ་ཨིན་ཟེར་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཆུ་མཛོད་དེ་ནང་ ས་གནས་དེ་ཁ་ལས་ མི་ཊར་༡༠༠ དེ་ཅིག་གི་ས་ཁར་ ཧར་པའི་ པ་ནི་ཟེར་སླབ་མི་ རོང་ཆུ་ཅིག་ཡོད་ས་ལས་ ཆུ་དུང་དཔག་སྟེ་ ཆུ་ཆུང་ཀུ་ཅིག་ དུས་རྒྱུན་དུ་ མཐུད་དེ་ཡོད་པའི་ཁར་ གནམ་བྱཱར་གྱི་ ཆར་ཆུ་བསག་དོ་ཡོདཔ་ཨིན་པས།
ཆུ་མཛོད་དེ་ མཚོ་བཟུམ་སྦེ་ མཐོང་དོ་ཡོདཔ་བཞིན་དུ་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཅི་ སྤྱི་ཟླ་༦ པ་ རྫོགས་ཁམས་ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ པདྨ་ཆོས་འཕེལ་གྱིས་འབད་བ་ཅིན་ ཆུ་མཛོད་དེ་གིས་ ས་གནས་དེ་གི་འོག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ ལུང་གཤོང་ནང་ཆགས་ཡོད་པའི་ རྒེད་འོག་༢ ཀྱི་ ས་མཚམས་ལུ་ཡོད་པའི་ གཡུས་ཚན་ཚུ་ནང་ འབྱ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་ཚུ་ནང་ ཆུ་ལང་མ་ཚུགས་པའི་ དཀའ་ངལ་ཡོད་མི་ཚུ་ནང་ ཆུ་བཀྲམ་སྤེལ་འབད་དེ་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་ཚུན་གྱི་རིང་ མཚོ་འཁོར་ནང་རྒེད་འོག་དང་ སྒོ་སེར་གླིང་རྒེད་འོག་༢ ཀྱི་ ས་མཚམས་ལས་མར་བབས་མི་ ཧར་པའི་ པ་ནི་ཆུ་དེ་ རྒེད་འོག་༢ ཀྱི་ ཧར་པའི་གཡུས་ཚན་གྱི་ ཆུ་གཡུར་ཁག་༡༢ འཐེན་ཡོད་པའི་ རྐ་འགོ་ཅིག་ཨིནམ་ད་ ཆུ་གཡུར་དེ་གིས་ ཁྱིམ་གུང་༧༨ དེ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
མཚོ་འཁོར་ནང་རྒེད་འོག་ནང་ ཁྱིམ་གུང་༥༣ ཡོདཔ་བཞིན་དུ་ སྒོ་སེར་གླིང་རྒེད་འོག་ནང་ ཁྱིམ་གུང་༢༥ ཡོདཔ་ཨིན་པས།
ཨིན་རུང་ འཕྲལ་འཕྲལ་སྦེ་ར་ གནམ་བྱཱར་ལྕང་ལཱ་རྐྱབ་པའི་དུས་ཚོད་ལུ་ ཆརཔ་རྐྱབ་མ་བཏུབ་པའི་སྐབས་ རོང་ཆུ་དེ་གིས་ ཁྱབ་མ་ཚུགས་པའི་ དཀའ་ངལ་འཐོན་དོ་ཡོད་པའི་ཁར་ གནམ་དགུན་གྱི་དུས་ཚོད་ལུ་ཡང་ ཆུ་མ་ལང་ནི་དེ་གིས་ སོ་ནམ་གྱི་ལཱ་ཚུ་ འབད་མི་ཚུགས་དོ་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་འབད་བ་ཅིན་ ཆུ་མ་ལང་ནི་དེ་གིས་ མི་སེར་ཚུ་གི་བར་ན་ བྲེལ་ཟིང་ལང་དོ་ཡོདཔ་ལས་ ཆུ་མཛོད་དེ་གིས་ དེ་བཟུམ་གྱི་ གནས་སྟངས་ཚུ་ནང་ ཆུ་བཀྲམ་སྤེལ་འབད་དེ་ དཀའ་ངལ་ཚུ་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཆུ་མཛོད་ནང་ལས་ དགོས་མཁོ་དང་བསྟུན་ ལུང་གཤོང་བརྒྱུད་དེ་ ཧར་པའི་ པ་ནི་ཆུ་མཐུད་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྩི་རང་རྫོང་ཁག་དེ་ ཚོད་བསྲེའི་རིགས་ཚུ་ རྒྱ་སྦོམ་སྦེ་ ཐོན་སྐྱེད་འབད་ནི་གི་ འོས་འབབ་ཡོད་མི་ རྫོང་ཁག་ཅིག་ཨིནམ་ལས་ གནམ་དགུན་གྱི་ཚོད་བསྲེ་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ ལ་ཕུ་ བོ་རོ་ཀོ་ལི་ དེ་ལས་ ཧོན་ཚོད་ཚུ་ རྫོང་ཁག་གཞན་ཚུ་ནང་ བཀྲམ་སྤེལ་འབདཝ་ཨིན་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་སྦེ་ བཟོ་དགོ་མི་དེ་ཡང་ གནམ་བྱཱར་གྱི་ཆརཔ་དང་ ཆུ་སྦོམ་ཡོད་པའི་སྐབས་ ཆུ་འཕྲོ་བརླག་འགྱོ་དོ་ཡོདཔ་ལས་ བསག་བཞག་ཞིནམ་ལས་ ཆུ་མ་ལང་པའི་དུས་ཚོད་ལུ་ ལག་ལེན་འཐབ་ནིའི་དོན་ལུ་ཨིནམ་ད་ ཆུ་བསག་མཛོད་དེ་ རྫོང་གི་ཉེ་འདབས་ལུ་ ས་ཁོངས་མཛེས་ལྡན་བཟོ་ནི་ལུ་ཡང་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཆུ་རྫིང་དེ་གི་སྦུག་ལུ་ རྡོ་ལེབ་ཅིག་གུ་ པ་ཏྲ་རྐོ་སྟེ་ མཚོ་སྨན་རྒྱལ་མོའི་སྐུ་འདྲ་ མཐའ་བསྐོར་ཏེ་ཡོདཔ་མ་ཚད་ སྐྱེ་ཤིང་མེ་ཏོག་ཚུ་ཡང་ བཙུགས་ཏེ་ཡོདཔ་ད་ ཆུ་རྫིང་དེ་ནང་ ཉ་ཚུ་ཡང་ གསོ་སྐྱོང་འཐབ་སྟེ་ ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་གྱིས་འབད་བ་ཅིན་ ཆུ་མཛོད་དེ་ ད་ལྟོ་ མོ་བཏབ་ཀྱི་དོན་ལུ་ཨིནམ་ལས་ དེ་བཟུམ་གྱི་ ཐབས་ཤེས་བཏོན་མི་དེ་ རྫོང་ཁག་ནང་ གསརཔ་ཅིག་ཨིནམ་ད་ འཆར་གཞི་༡༡ པའི་ནང་ རྫོང་ཁག་འོག་གི་ མནྜལ་སྒང་རྒེད་འོག་ནང་ ཀི་ལོ་མི་ཊར་༧ དང་ཕྱེད་ དེ་ཅིག་གི་ས་ཁར་ པའུ་མཁོ་ལ་ཟེར་ས་ལས་ རྒེད་འོག་གི་ འཐུང་ཆུ་བཏོནམ་དང་གཅིག་ཁར་ གཡུས་ཀྱི་མགུ་ལུ་ ཧེ་མ་ མཚོ་ཆགས་པའི་ཤུལ་ཡོད་སར་ གྱིབ་གྱི་ཆུ་མཛོད་བཞག་ཞིནམ་ལས་ ཆུ་གཞལ་འགྱོ་མི་ཚུ་ རྫིང་ནང་བསག་སྟེ་ བཞག་ནི་ཟེར་ཨིན་པས།
དེ་བཟུམ་མའི་ ཆུ་མཛོད་དེ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ བཟོ་ནིའི་འཆར་གཞི་ ཡོད་ཟེར་ཨིན་པས།
ཆུ་མཛོད་དེ་ ཇ་པཱན་རྒྱལ་ཁབ་ནང་ལས་ དཔེ་ལྟ་སྟེ་ བཟོ་ཡོདཔ་ད་ དེ་ཡང་ འཛམ་གླིང་གི་ཚ་དྲོད་ལུ་བརྟེན་ ཆུ་སྐམ་འགྱོ་བའི་གནས་སྟངས་ནང་ ཡུན་བརྟན་གྱི་དོན་ལུ་ ཆུ་མཛོད་དེ་གིས་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ པདྨ་ཆོས་འཕེལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment