གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་ཆེན་ཆོས་གླིང་གི་ཁྲོམ་ས་ ཟླཝ་༣ གྱི་རྒྱབ་ལས་ བགོ་བཀྲམ་འབད་ནི།

༨/༩/༢༠༡༢    ༉ ཐིམ་ཕུ་བདེ་ཆེན་ཆོས་གླིང་ གཙང་ཆུའི་མཐའ་མར་ཡོད་མི་ ཚོང་ཁང་ཚུ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ ཁྲོམ་གསར་པའི་ས་ཁོངས་ནང་ སྤོ་བཤུད་འབད་ནིའི་དོན་ལུ་ ཁྲོམ་ས་བགོ་བཀྲམ་འབད་ནི་ཨིན་པས།
ཁྲོམ་གསརཔ་དེ་ ད་ལྟོའི་ ཁྲོམ་གྱི་ལྟག་ལུ་ གཞུང་ལམ་གྱི་ སྦོ་ལོགས་ཁར་ བཟོ་སྐྲུན་འབད་ནི་ཨིན་པས།

བདེ་ཆེན་ཆོས་གླིང་ཁྲོམ་གསར་པའི་ ས་ཁོངས་རྒྱ་བསྐྱེད་དོན་ལུ་ གྱང་རྩིག་རྐྱབ་པའི་བསྒང་།


ད་ལྟོ་ ཁྲོམ་གྱི་ས་ཁོངས་ནང་ ཚོང་ཁང་༢༨ དེ་ཅིག་ཡོདཔ་ད་ ད་རེས་ནངས་པ་ སྤོ་བཤུད་ཀྱི་དོན་ལུ་ ཧེ་མའི་གྱང་རྩིག་ཚུ་ བརྡལ་བཏང་ཡོདཔ་ལས་ འཁོར་ལམ་ཚུ་ ལོག་སྟེ་བཟོ་བཀོད་འབད་ནིའི་ལཱ་ཚུ་ འགོ་བཙུགས་ཏེ་ ཉིན་གྲངས་༡༧ དེ་ཅིག་ ལང་ཡོདཔ་ཨིན་པས།
སྤོ་བཤུད་ཀྱི་སྐབས་ ཚོང་པ་རེ་ལུ་ ཁྲོམ་ས་ཕིཊ་གྲུ་བཞི་༢,༠༠༠ རེ་ བགོ་བཀྲམ་འབད་ནི་དང་ ཧེ་མའི་གྱང་རྩིག་ཚུ་ མི་ཊར་༧ དང་༡༠ གྱི་ནང་ན་ བཀུམ་ནིའི་ལཱ་དེ་ཡང་ ཁག་འབག་ལུ་སྤྲོད་ཡོདཔ་བཞིན་དུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ ལཱ་ཚུ་མཇུག་བསྡུ་དགོཔ་ཨིན་པས།
ཨིན་རུང་ ས་གནས་ནང་ ལཱ་འབད་མི་ཚུ་གིས་ བཤད་མིའི་ནང་ ལས་མི་ཚུ་ ལངམ་མེད་མི་ལུ་བརྟེན་ ལཱ་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ ཚ་གྱང་ཚུ་ཡོདཔ་སྦེ་ སླབ་ཨིན་པས།
ལཱ་རྒྱབ་ ཊེག་ནཱཐ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ལཱ་འབད་མི་དག་པ་ཅིག་ ངལ་གསོ་ནང་སོང་ཡོདཔ་ལས་ ད་ལྟོ་ ལས་མི་༡༠ དེ་ཅིག་མ་གཏོགས་མེད་རུང་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལས་ ལས་མི་༥༠ དེ་ཅིག་ ཤུལ་མའི་བདུན་ཕྲག་ནང་ ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ འགྲུལ་འཁོར་ལམ་བདའ་སྟེ་ གྱང་རྩིག་མཐོ་ཚད་ མི་ཊར་༡.༥ དང་ རིང་ཚད་མི་ཊར་༡༠༠ བཟོ་བཀོད་འབད་དགོཔ་ཡོད་ས་ལས་ མི་ཊར་༧༠ དེ་ཅིག་ རྫོགས་ཡོདཔ་ཨིན་རུང་ ཤུལ་ལས་ ཁྲོམ་སྡེ་གིས་ ཧེ་མའི་ ཚད་གཞི་དང་ཕྱདཔ་ད་ གྱང་རྩིག་ཚུ་ ད་རུང་ མཐོ་ཚད་མི་ཊར་༢ ཡར་སེང་འབད་དགོཔ་སྦེ་ སླབ་ཡོདཔ་ལས་ ཐག་བཅད་དགོཔ་ཡོད་ཟེར་ ལཱ་རྒྱབ་ཀྱིས་ སླབ་ཨིན་པས།
ལཱ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༩ ཟད་འགྲོ་བཏང་ཡོདཔ་ད་ ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ ད་རེས་འབད་བའི་བསྒང་ཡོད་མི་ འཁོར་ལམ་གྱི་ལཱ་ཚུ་ མཇུག་བསྡུ་ཞིནམ་ལས་ ཁྲོམ་ས་ཚུ་ བགོ་བཀྲམ་འབད་ནི་ཨིན་རུང་ དལྟོ་ གཞི་རྟེན་གྱི་ལཱ་ཚུ་ ལེ་ཤ་འབད་དགོཔ་ ཡོད་ཟེར་ཨིན་པས།
ཁྲོམ་ས་བགོ་བཀྲམ་གྱི་ལཱ་ཚུ་ཡང་ ཚོང་པ་ཁོང་རའི་ ཡིག་ཆ་ཚུ་དང་འཁྲིལ་ འཐོབ་དགོཔ་ངེས་ལྡན་དང་ འོས་འབབ་ཅན་ཚུ་ རྐྱངམ་གཅིག་ལུ་ བྱིན་ནི་ཨིནམ་མ་ཚད་ དེ་གི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམིགས་བསལ་གྱི་ བཀའ་རྒྱ་ཚུ་ཡང་ གནང་སྟེ་ཡོད་ཟེར་ ཁྲོམ་དཔོན་གྱིས་ སླབ་ཨིན་པས།
ཁྲོམ་ས་བགོ་བཀྲམ་གྱི་ བྱ་རིམ་ནང་ ཚོང་པ་ཚུ་ལུ་ ཉེ་རིང་ཕྱེ་དགོཔ་ རྩ་ལས་ར་མེདཔ་ལས་ དྭངས་གསལ་ཅན་སྦེ་ར་ འགོ་འདྲེན་འཐབ་ནི་ཨིན་ཟེར་ ཁྲོམ་དཔོན་གྱིས་སླབ་ཅི།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁྲོམ་གསར་པའི་དོན་ལུ་ ཧེ་མའི་ བློན་པོ་ཚུ་གིས་ གནང་བ་གྲོལ་མི་ ཚོང་པ་༢༢ དང་ བཀའ་ཤོག་ཐོབ་མི་༦ ཡོདཔ་ཨིན་རུང་ གཞན་མི་ཚོང་པ་༢༠ ལས་༣༠ དེ་ཅིག་གི་ གནད་དོན་ཚུ་ དབྱེ་ཞིབ་འབད་དགོཔ་ཡོད་ཟེར་ཨིན་པས།
དབྱེ་ཞིབ་དེ་ཡང་ ད་རེས་ བཟོ་བའི་བསྒང་ཡོད་མི་ ཚོགས་པ་ཅིག་གིས་འབད་ནི་དང་ ཁྲོམ་སྤོ་བཤུད་འབད་ཚར་བའི་ཤུལ་ལུ་ ད་རེས་ཡོད་པའི་ སྦ་སྒོར་ཚུ་ བཤུབ་གཏང་ནི་ཟེར་ ཁྲོམ་དཔོན་གྱིས་ སླབ་ཡོདཔ་ཨིན།
བདེ་ཆེན་ཆོས་གླིང་གི་ ཚོང་པ་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ ད་རེས་ཀྱི་ ས་ཁོངས་དེ་ནང་ སྤོ་བཤུད་འབད་བའི་ཤུལ་ལས་ ཚོང་འབྲེལ་མར་བབས་སོང་ཡོདཔ་ཨིན་རུང་ ད་རེས་ ལོག་སྟེ་ར་ སྤོ་བཤུད་འབད་ནི་ཨིན་མི་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་ཚུགས་པའི་རེ་བ་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment