གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་ཚུ་གིས་ ནགས་ཚལ་མེ་སྤར་བ་ཅིན་ ཕམ་ཚུ་ལུ་ ཉེས་ཆད་ཕོག་ནི།

༡༠/༩/༢༠༡༢   ༉ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ནགས་ཚལ་ས་ཁོངས་ རྒྱ་ཆེ་དྲགས་སྦེ་ མེ་རྐྱེན་ཤོར་མི་ལུ་བརྟེན་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་འོག་གི་ ནགས་ཚལ་མེ་རྐྱེན་འཛིན་སྐྱོང་སྡེ་ཚན་གྱིས་ ནགས་ཚལ་མེ་རྐྱེན་དང་འབྲེལ་བའི་ ཁྲིམས་ལུགས་ཅིག་ ཟིན་བྲིས་བཀོད་ཡོད་མི་དེ་ འབྲེལ་ཡོད་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་དེ་ ལག་ལེན་འཐབ་ནིའི་གུ་ ལྷོད་ཡོདཔ་ཨིན་པས།


འདས་པའི་བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ གྲོས་བསྡུར་གྱི་མཇུག་ཅིག་ འགོ་འདྲེན་འཐབ་མིའི་ནང་ གཙོ་བོ་ར་ ཁྲིམས་ལུགས་ཟིན་བྲིས་དེ་ནང་ མེ་རྐྱེན་བྱུང་བའི་སྐབས་ འབྲེལ་ཡོད་དབང་འཛིན་ཚུ་གི་འགན་འཁྲི་དང་ སྐྱེས་ལོ་༡༨ མན་ཆད་འབད་མི་ ཨ་ལུ་ཚུ་ལུ་བརྟེན་ ནགས་ཚལ་མེ་རྐྱེན་བྱུང་བའི་སྐབས་ ཁྲིམས་དང་ཉེས་ཆད་ཚུ་གི་ཐོག་ལུ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
གྲོས་བསྡུར་དེ་ནང་ འབྲེལ་གཏོགས་འབད་མི་ ལས་སྡེ་ཁག་གི་ རང་བཞིན་གནས་སྟངས་འགོ་དཔོན་དང་ སློབ་གྲྭ་ཁག་གི་ དབུ་འཛིན་ཚུ་གིས་ གལ་སྲིད་མེ་རྐྱེན་དེ་ ན་ཆུང་ཚུ་ལུ་བརྟེན་ཏེ་ འབྱུང་པ་ཅིན་ ཉེས་ཆད་དང་ རྒུད་འཐུས་ཚུ་ག་ར་ ཨ་ལུ་དེ་གི་ ཕམ་གྱིས་འབག་དགོཔ་སྦེ་ ཁ་འཆམ་བྱུང་ཡོདཔ་ད་ དེ་ཡང་ ཨ་ལུ་ཚུ་ བདག་འཛིན་འཐབ་ནིའི་ འགན་འཁྲི་དེ་ ཕམ་ཚུ་ལུ་ཕོག་ནི་དེ་གིས་ཨིན་པས།
དེ་མ་ཚད་ ནགས་ཚལ་མེ་རྐྱེན་བྱུང་བཅུག་མི་ ཨ་ལུ་དེ་གི་ཕམ་གྱིས་ མེ་རྐྱེན་བཀག་ཐབས་ལུ་ ཟད་འགྲོ་བཏང་མི་ཚུ་ཡང་ སྤྲོད་དགོཔ་མ་ཚད་ རྒུད་འཐུས་དེ་ཡང་ ཁྲིམས་དང་འཁྲིལ་ཏེ་ ཤིང་གི་ གྱངས་ཁ་རྐྱབ་ཞིནམ་ལས་ རྒུད་འཐུས་ལེན་ནི་ཨིནམ་ད དེ་བཟུམ་མའི་ལག་ལེན་གྱི་དོན་ལུ་ རྒེད་འོག་ཁག་གི་ བདག་སྐྱོང་གིས་ རྒྱབ་སྐྱོར་འབད་དགོཔ་སྦེ་ཨིན་པས།
འབྲེལ་ཡོད་ལས་སྡེ་དང་ མི་སྡེ་ཚུ་གིས་ མེ་རྐྱེན་བྱུང་བའི་སྐབས་ འབྲེལ་གཏོགས་དང་ རྒྱབ་སྐྱོར་ཚུ་ཡང་ མེ་རྐྱེན་བྱུང་སའི་ ས་ཁོངས་ཉེ་འདབས་ཀྱི་ སློབ་གྲྭ་ཁག་གི་ རང་བཞིན་སྡེ་ཚན་གྱིས་ མེ་རྐྱེན་བཀག་འཛིན་འབད་ནིའི་ནང་ འབྲེལ་གཏོགས་འབད་དེ་ མེ་བསད་ཀྱི་དོན་ལུ་ མི་སྟོབས་ཀྱི་རྒྱབ་སྐྱོར་འབད་ནི་ཚུ་ཡང་ གྲོས་བསྡུར་ནང་ འབྲེལ་གཏོགས་འབད་མི་ སློབ་གྲྭ་༡༡ གི་ དབུ་འཛིན་ཚུ་གིས་ ངོས་ལེན་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སློབ་གྲྭའི་འཛིན་སྐྱོང་གིས་ སློབ་ཕྲུག་ཚུ་ལུ་ མེ་རྐྱེན་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ཀྱི་ ཤེས་ཡོན་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དགོཔ་ཨིནམ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཤེས་ཡོན་ལས་རིམ་གྱིས་ ནགས་ཚལ་མེ་རྐྱེན་གྱི་བྱུང་རྐྱེན་ མར་ཕབ་རྐྱབ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
ནགས་ཚལ་མེ་རྐྱེན་བྱུང་བའི་སྐབས་ མེ་བསད་ནིའི་ནང་ སློབ་ཕྲུག་ཚུ་གིས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ དགོས་མཁོ་ཅན་གྱི་ རིག་རྩལ་དང་ ཉེན་སྲུང་ལམ་སྟོན་གྱི་ སློབ་སྦྱོང་ཚུ་ཡང་ བྱིན་འོང་ཟེར་ཨིན་པས།
ནགས་ཚལ་མེ་རྐྱེན་འཛིན་སྐྱོང་གི་ ཐོ་དེབ་དང་འཁྲིལ་བ་ཅིན་ འདས་པའི་ལོ་༥ འི་རིང་ལུ་ ནགས་ཚལ་མེ་རྐྱེན་གྱི་ སྙན་ཞུ་༢༤༢ ཐོ་བཀོད་འབད་མིའི་ནང་ ནགས་ཚལ་ཨེ་ཀར་༤༤,༩༣༤ ལྷགཔ་ཅིག་ མེ་གིས་ འཚིགས་སོ་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༧ དང་༢༠༠༨ ཀྱི་ ནང་འཁོད་ལུ་ ནགས་ཚལ་མེ་རྐྱེན་གྱི་ སྙན་ཞུ་༤༥ ཐོ་བཀོད་འབད་ཡོད་མིའི་ནང་ ནགས་ཚལ་ཨེ་ཀར་༩,༥༩༩ མེ་གིས་འཚིགས་ཡོདཔ་ད་ སྤྱི་ལོ་༢༠༠༨ དང་༢༠༠༩ ལུ་ ནགས་ཚལ་མེ་རྐྱེན་ཐེངས་༧༤ བྱུང་མི་དེ་གིས་ ནགས་ཚལ་ཨེ་ཀར་༤,༢༡༡ དེ་ཅིག་ འཚིགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ དང་༢༠༡༠ ལུ་ནགས་ཚལ་མེ་རྐྱེན་ཐེངས་༤༨བྱུང་མིའི་ནང་ནགས་ཚལ་ཨེ་ཀར་༩,༣༢༤ འཚིགས་ཡོད་པའི་ཁར་སྤྱི་ལོ་༢༠༡༡དང་༢༠༡༢ལུ་ནགས་ཚལ་མེ་རྐྱེན་ཐེངས་༤༥ བྱུང་མི་གིས་ནགས་ཚལ་ཨེ་ཀར་༡༠,༨༩༧ དེ་ཅིག་ མེ་གིས་འཚིགས་ཡོད་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment