གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་གློ་བུར་སྨན་བཅོས་ཀྱི་སྦྱོང་བརྡར།

༡༢/༩/༢༠༡༢   ༉ རྒྱལ་ཁབ་ནང་ གློ་བུར་གྱི་ སྨན་བཅོས་ཞབས་ཏོག་སྤྲོད་ནི་དེ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་བརྟེན་ གསོ་བའི་ལྷན་ཁག་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
མོང་སྒར་ལུ་ ཌོག་ཊར་ཚུ་ གསོ་བའི་གློ་བུར་སྨན་བཅོས་འབད་བའི་བསྒང་།


དེ་མ་ཚད་ ནང་མི་བཟའ་ཚང་དང་ རྒྱལ་ཁབ་ལུ་ཡང་ གྱོང་རྒུད་སྦོམ་ཕོག་དོ་ཡོདཔ་ལས་ ད་ལས་ཕར་ རྒྱལ་ཁབ་ནང་ དེ་བཟུམ་གྱི་གློ་བུར་སྨན་བཅོས་ཞབས་ཏོག་དེ་ གཅིག་མཚུངས་སྤྲོད་ཐབས་ལུ་དམིགས་ཏེ་ ད་རེས་ནངས་པ་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ལས་ ཌོག་ཊར་༢༠ དེཅིག་ལུ་ ས་གནས་མོང་སྒར་ལུ་སྦེ་ ཉིན་གྲངས་༥ གི་རིང་ གསོ་བའི་གློ་བུར་སྨན་བཅོས་འབད་ཐངས་ཀྱི་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ ད་ལས་ཕར་ རྫོང་ཁག་ཆ་མཉམ་གྱི་ ཌོག་ཊར་ཚུ་གི་རྒྱུད་ལུ་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ ལྕོགས་གྲུབ་ཡར་དྲག་གཏང་སྟེ་ གློ་བུར་གྱི་ སྨན་སྤྱོད་ཞབས་ཏོག་འཛིན་སྐྱོང་དེ་ རྫོང་ཁག་ག་རའི་ནང་ གཅིག་མཚུངས་བཟོ་སྟེ་ གློ་བུར་གྱི་ སྨན་བཅོས་ཚུ་འབད་ནི་དེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ བཏང་མ་དགོ་པར་ རང་སོའི་ རྫོང་ཁག་སྨན་ཁང་ནང་ལས་ སྤྲོད་ཚུགས་ནིའི་དོན་ལུ་ཨིན་པས།
སྦྱོང་བརྡར་དེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ གསོ་བའི་མཁས་མཆོག་ ཌོག་ཊར་༨ དང་ ཡུ་ཨེས་ ཧར་བཱཊ་ ཧིའུ་མཱན་ནི་ཊེ་རི་ཡཱན་ལས་ ཌོག་ཊར་མཁས་མཆོག་༢ རྩིས་ཏེ་ མཁས་མཆོག་༡༠ དེ་ཅིག་གིས་ བྱིན་དོ་ཡོདཔ་ད་ སྦྱོང་བརྡར་དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ རེ་བ་བསྐྱེད་མི་དེ་ཡང་ ད་ལྟོ་ཚུན་ གློ་བུར་གྱི་ སྨན་བཅོས་ཞབས་ཏོག་དེ་ སྤྲོད་བཞིན་དུ་ཡོད་རུང་ སྦྱོང་བརྡར་དེ་གིས་ ཧེང་སྐལ་ར་ ལྕོགས་གྲུབ་ཅན་དང་ གཅིག་མཚུངས་འགྱོ་ཚུགས་ནི་ཨིན་པས།
ཐིམ་ཕུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ སྦྱོང་བརྡར་བྱིན་མི་ རྩ་ཁམས་མཁས་མཆོག་ ཌོག་ཊར་ བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ གློ་བུར་གྱི་སྨན་བཅོས་འབད་དགོཔ་དེ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་བརྟེན་ རྫོང་ཁག་ཚུ་ནང་ ཌོག་ཊར་ཚུ་གི་རྒྱུད་ལུ་ གློ་བུར་གྱི་སྨན་བཅོས་ཞབས་ཏོག་ཚུ་ ས་གནས་ཁག་ལས་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ཌོག་ཊར་ཚུ་གི་ ལྕོགས་གྲུབ་ཡར་སེང་འབད་དེ་ རྒྱལ་ཡོངས་ནང་ གློ་བུར་གྱི་ཞབས་ཏོག་ གཅིག་མཚུངས་སྤྲོད་ཐབས་ལུ་ཨིན་ཟེར་ཨིན་པས།
ཉིན་གྲངས་༥ གི་ སྦྱོང་བརྡར་གྱི་སྐབས་ལུ་ ཌོག་ཊར་ཚུ་གིས་ ལག་སྦྱོང་ཡང་ འབད་ནི་ཨིན་ཟེར་ཨིནམ་ད་ ཌོག་ཊར་ཚུ་ མ་གཞི་ ཁོང་རའི་ ཁྱད་རིག་གི་ སྦྱོང་བརྡར་འབད་ཡོད་རུང་ ད་ལས་ཕར་ གློ་བུར་གྱི་སྨན་བཅོས་འབད་ནི་ལུ་ ལྕོགས་གྲུབ་ཡར་སེང་དང་ གློ་བུར་སྨན་བཅོས་ཀྱི་ འཛིན་སྐྱོང་ལུ་ གཅིག་མཚུགས་ཤེས་དགོཔ་ ཁག་ཆེཝ་ཡོད་མི་དེ་ ད་རེས་ནངས་པ་ རྨ་སྐྱོན་ལ་སོགས་པའི་ གློ་བུར་གྱི་ སྨན་བཅོས་ཞབས་ཏོག་ སྤྲོད་དགོཔ་བྱུང་མིའི་ ཁྱད་ཕན་ཆེ་ནི་མས་ཟེར་ བཅའ་མར་གཏོགས་མི་ཚུ་གིས་ སླབ་ཨིན་པས།
ཁོང་གིས་སླབ་མིའི་ནང་ གློ་བུར་གྱི་ ཚབས་ཆེན་ནད་ལུ་བརྟེན་ འཛམ་གླིང་ནང་ ལོ་བསྟར་བཞིན་དུ་ མི་ས་ཡ་ལས་བཅད་དེ་ ཤི་རྐྱེན་བྱུངམ་མས་ཟེར་ཨིན་པས།
དེ་ཡང་ སྣུམ་འཁོར་གྱི་ཐུག་རྐྱེན་དང་ རང་བཞིན་གྱི་ འཇིགས་པ་ཚུ་ལུ་བརྟེན་ འབྱུང་དོ་ཡོདཔ་ལས་ འབྲུག་ལུ་ཡང་ གློ་བུར་གྱི་རྐྱེན་ངན་ཚུ་ལུ་བརྟེན་ ཐུག་རྐྱེན་བྱུང་མི་དེ་ ཤི་རྐྱེན་གྱི་གྲས་ལས་ མཐོ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ སྐྱེས་ལོ་༢༠ དང་༤༠ གི་བར་ན་འབད་མི་ཚུ་ལུ་ བྱུང་དོ་ཡོདཔ་ཨིན་པས།
ད་ལྟོ་འབད་བ་ཅིན་ ཌོག་ཊར་ལ་ལུ་ཅིག་གིས་ གློ་བུར་གྱི་ནདཔ་ཚུ་འོང་པའི་སྐབས་ སྨན་བཅོས་འབད་ནི་ལུ་ དོགས་པ་ཟ་མི་ཡང་ཡོདཔ་ལས་ ད་ལས་ཕར་ སྦྱོང་བརྡར་དེ་གིས་ དེ་བཟུམ་གྱི་ གློ་བུར་གྱི་སྨན་བཅོས་འབད་ནི་ལུ་ ལྕོགས་གྲུབ་ཡར་སེང་གཏང་སྟེ་ ཁོང་རའི་ ས་ཁོངས་ནང་ར་ འབད་ཚུགས་ཟེར་ ཌོག་ཊར་ བཀྲིན་བསྟན་འཛིན་གྱིས་ སླབ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༠ ལས་ འགོ་བཙུགས་མི་ ཉིན་གྲངས་༥ གི་ གློ་བུར་སྨན་བཅོས་ཀྱི་ སྦྱོང་བརྡར་དེ་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment