གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཅ་ཆས་བཏོན་འབག་མི་ དོགས་ཅན་ཅིག་ལུ་ དྲི་དཔྱད་འབད་དོ་ཡོདཔ།

༡༢/༩/༢༠༡༢   ༉ བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༨ ལུ་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ རྦོབ་རིལ་སོང་མི་ སྣུམ་འཁོར་ཊཱག་ཅིག་གི་ འཁོར་ལོ་དང་ ཅ་ཆས་གཞན་ཚུ་ བཏོན་འབག་པའི་དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཚེ་རིང་བཟོ་སྐྲུན་ལས་སྡེའི་ འཛིན་སྐྱོང་འགོ་དཔོན་གྱིས་ ཡིག་ཐོག་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་དེ་ དོ་དམ་ནང་བཞག་ཡོདཔ་ད་ གསང་བའི་སྙན་ཞུ་དེ་ འཛིན་སྐྱོང་འགོ་དཔོན་ལུ་ ས་གནས་ནང་ ནོར་འཚོ་སྡོད་མི་ ཕོ་སྐྱེས་ཅིག་གིས་ འབད་ཡོདཔ་ཨིན་པས།
སྣུམ་འཁོར་དེ་ ཨུ་ར་ལས་ཀི་ལོ་མི་ཊར་ དག་པ་ཅིག་གི་ས་ཁར་ཡོད་མི་ མཁའ་འགྲོ་སྤང་ཟེར་སར་ རྦོབ་རིལ་སོང་བའི་ཤུལ་ལུ་ བཏོན་མ་ཚུགས་པར་ ལམ་འོག་ལུ་ར་ ལུས་སོ་མི་ལུ་བརྟེན་ འཁོར་ལོ་དྲུགཔ་ཆ་ར་ བཏོན་འབག་པའི་ཁར་ ཅ་ཆས་གཞན་ཚུ་ཡང་ འབག་ནུག་ཟེར་ཨིན་པས།
བྱ་ངན་འབད་སར་ མཐོང་མི་ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༨ པའི་ནང་ དོགས་ཅན་ཕོ་སྐྱེས་དེ་གིས་ ཁོ་རའི་ཆ་རོགས་༣ དང་གཅིག་ཁར་ སྣུམ་འཁོར་གྱི་འཁོར་ལོ་ཚུ་ འབག་འགྱོ་སར་མཐོང་ཡོདཔ་ ངེས་བདེན་ཨིན་རུང་ གཞན་མི་ཆ་རོགས་ཚུ་ ངོ་མ་ཤེས་ཟེར་ཨིན་པས།
དོ་དམ་ནང་ཡོད་མི་ ཕོ་སྐྱེས་དེ་གིས་ ད་ཚུན་ ཁས་ལེན་འབད་མ་བཏུབ་པའི་ཁར་ ཁོ་རའི་ཆ་རོགས་ཚུ་གི་མིང་ཡང་ སླབ་མ་བཏུབ་པའི་ཁར་ སྣུམ་འཁོར་ཡོད་སའི་ས་གནས་ནང་ ཁོ་གིས་ རྐངམ་ར་མ་བཀལ་ཟེར་ སླབ་དོ་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ བཀྲིས་གཡང་རྩེ་རྫོང་ཁག་ སྟོད་འཚོ་ལས་ཨིནམ་ད་ ཁོ་ར་ སེང་སྒོར་ལུ་ ཁག་འབགཔ་ཅིག་དང་གཅིག་ཁར་ སྣུམ་འཁོར་ལམ་ རྒྱ་བསྐྱེད་ཀྱི་ལཱ་འབད་སྡོད་མི་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བྱ་ངན་གྱི་ལཱ་བྱ་འཐབ་སར་མཐོང་མིའི་ངག་བརྗོད་དང་འཁྲིལ་ དོགས་ཅན་ལུ་ དྲི་དཔྱད་ཚུ་འབད་དོ་ཡོདཔ་ཨིན་རུང་ ཁོ་གིས་ ཁ་བཟེད་མི་བཏུབ་ཨིན་པས།
སྣུམ་འཁོར་གྱི་ཇོ་བདག་གིས་ ཡོངས་བསྡོམས་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་གནས་པའི་ ཅ་ཆས་ཚུ་ བཏོན་འབག་ཡོད་པའི་ སྙན་ཞུ་འབད་ཡོདཔ་ ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment