གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཚེས་བཅུའི་དོན་ལུ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་བསྦྱོང་ལྟེ་བ་གིས་ གྲ་སྒྲིག་འབད་དོ་ཡོདཔ།

༡༣/༩/༢༠༡༢   ༉ རྒྱལ་ས་ལྟེ་བ་ཐིམ་ཕུ་ ཚེས་བཅུའི་དོན་ལུ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ སློབ་ཕྲུག་བུཚ་དང་བུམོ་ཚུ་གིས་ ཉིན་བསྟར་བཞིན་དུ་ སྦྱོང་བརྡར་ཚུ་འབད་ཡོད་མིའི་གྲངས་སུ་ རྫོང་ཁག་༡༠ ལས་ སྦྱོང་བརྡར་འབད་བ་ལྷོད་མི་ འཆམ་དཔོན་དང་འཆམ་མཇུག་ཚུ་ཡང་ ཡོདཔ་ཨིན་པས།
གར་འཆམ་སྦྱང་བ་འབད་བའི་བསྒང་།
སྦྱོང་བརྡར་འབད་མི་ཚུ་གིས་ གྱལ་རིམ་ཐོག་ལས་འཆམ་རྐྱབ་པའི་བསྒང་།


དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༨ པའི་ཚེས་༡༠ ལས་༡༢ ཚུན་ མི་མང་ལུ་ མཇལ་ཁ་གནང་མི་ ཚེས་བཅུའི་གར་འཆམ་ཚུ་ སྟོན་ནིའི་དོན་ལུ་ གཞུང་གྲྭ་ཚང་གི་དགེ་འདུན་དང་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་བསྦྱོང་ལྟེ་བའི་སྡེ་ཚན་ དེ་ལས་ ཐིམ་ཕུ་རྫོང་ཁག་ལས་ འཆམ་རྐྱབ་མི་དང་ ཞབས་ཁྲ་རྐྱབ་མི་ཚུ་གིས་ ད་རེས་ནངས་པར་ སྦྱང་བ་ཚུ་ག་དེ་དྲག་དྲག་འབད་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་འཆམ་དང་ཟློས་གར་སློབ་བསྦྱོང་ལྟེ་བའི་ དོ་དམ་ཉིམ་རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ འཆམ་དང་ ཞབས་ཁྲ་རྐྱབ་མི་སློབ་ཕྲུག་ཚུ་གིས་ སྦྱང་བ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
རྫོང་ཁག་གཞན་མིའི་ནང་ལས་ འཆམ་རྐྱབ་པར་འོང་མི་དེ་ཡང་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ སློབ་ཕྲུག་ཚུ་གིས་ ལང་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དེ་ཡང་ སྤྱིར་བཏང་རྒྱལ་ས་ལྟེ་བའི་ གར་འཆམ་ཚུ་ འབྲུག་མི་ཡོངས་ཀྱིས་ མཇལ་ཁ་ཞུ་ནི་ཨིན་མི་གིས་མ་ཚད་ ལྷག་པར་དུ་ རྒྱལ་སྤྱི་ལས་ སྐུ་མགྲོན་དང་ ལྟ་བཤལཔ་ཚུ་གིས་ལྟདམོ་བལྟ་བར་ འོང་དོ་ཡོདཔ་ལས་ བྱིན་བརླབས་ཅན་གྱི་ ཚེས་བཅུ་དེ་ ལེགས་ཤོམ་སྦེ་ སྟོན་ཚུགས་ཐབས་ ཨིན་ཟེར་ཨིན་པས།
རྫོང་ཁག་གཞན་མིའི་ནང་ལས་འོང་མི་ འཆམ་དཔོན་དང་ འཆམ་མཇུག་ཚུ་ལུ་ དམིགས་བསལ་གྱི་ སྦྱོང་བརྡར་བྱིན་དགོ་མི་དེ་ཡང་ རྫོང་ཁག་༢༠ འི་ནང་ ཚེས་བཅུའི་གར་འཆམ་ཚུ་ ག་ར་གཅིག་མཚུངས་སྦེ་ བཟོ་ཐབས་ལུ་ ཨིན་ཟེར་སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ སྐྱེས་ལོ་༤༥ ལང་མི་ འཆམ་དཔོན་གསང་སྔགས་ཆོས་གྲགས་ཀྱིས་ འབད་བ་ཅིན་ རྫོང་ཁག་ནང་ འཆམ་དཔོན་སྦེ་ འཆམ་རྐྱབ་པའི་ཤུལ་ལུ་ ད་རེས་ ཐིམ་ཕུ་ཚེས་བཅུའི་སྐབས་ སྤྱིར་བཏང་གི་ འཆམ་རྐྱབ་མི་དང་གཅིག་ཁར་འཆམ་རྐྱབ་ནིའི་གོ་སྐབས་ཐོབ་མི་ལུ་ དགའ་སྤྲོ་ཡོད་ཟེར་ཨིན་པས།
དེ་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ་རྐྱབ་མི་ ཚེས་བཅུའི་གར་འཆམ་དང་ གཞན་མི་རྫོང་ཁག་ནང་ རྐྱབ་མིའི་བར་ན་ ཁྱད་པར་སྦོམ་ཡོདཔ་ལས་ བཅའ་མར་གཏོགས་ནིའི་གོ་སྐབས་ཐོབ་མི་གིས་ ངལ་རངས་བྱུང་ཡི་ཟེར་ཨིནམ་ད་ ད་ལས་ཕར་ ཁོ་གིས་ རྫོང་ཁག་ནང་ ལྟེ་བ་ལུ་ཡོད་པའི་གར་འཆམ་བཟུམ་སྦེ་ གཅིག་མཚུངས་བཟོ་ནི་ཨིན་ཟེར་ སླབ་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་གི་ འཆམ་དཔོན་ སྐྱེས་ལོ་༣༩ ལང་མི་ འཇིགས་མེད་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཟླཝ་གཅིག་གི་རིང་ལུ་ སྦྱོང་བརྡར་འབད་མི་གིས་ རང་སོའི་རྫོང་ཁག་ནང་ འཆམ་སྟོན་ནི་ལུ་ འཇམ་ཏོག་ཏོ་ཡོདཔ་མ་ཚད་ འཆམ་རྐྱབ་མི་ལུ་འབད་རུང་ གོ་བ་ལེགས་ཤོམ་སྦེ་ སྤྲོད་ཚུགས་པས་ཟེར་ཨིན་པས།
རྫོང་ཁག་ནང་ ཟླ་ངོ་༡ གི་རིང་ལུ་ འཆམ་སྦྱང་བ་འབད་བའི་སྐབས་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ཤོས་ཅིག་དེ་ ཉིན་བསྟར་གྱི་འཐུས་དངུལ་ཀྲམ་༢༠༠ རེ་འབདཝ་ད་ ཟླ་ངོ་༡ གི་ནང་འཁོད་ལུ་ འཐུས་དངུལ་ཀྲམ་༦༠༠༠ ལས་ཐོབ་ནི་མེདཔ་བཞིན་དུ་ རྫོང་ཁག་ནང་ བཟའ་འཐུངདང་ སྡོད་ནི་ཚུ་ག་ར་ གཞུང་ལས་གནང་མི་འཐུས་དེ་གིས་ ལང་མ་ཚུགས་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
རྫོང་ཁག་ལས་འོང་མི་ འཆམ་དཔོན་ལ་ལུ་ཅིག་གིས་ འབད་བ་ཅིན་ གཡུས་སྒོའི་ནང་སྒེར་གྱི་ ལཱ་འབད་བ་ཅིན་ ཉིནམ་རེ་ནང་ ཉུང་ཤོས་ དངུལ་ཀྲམ་༣༠༠­-༥༠༠ གི་བར་ན་འཐོབ་ནི་ཡོདཔ་ལས་ རྫོང་ཁག་གི་ འཆམ་དཔོན་དང་ འཆམ་མཇུག་ འཆམ་རྐྱབ་མི་ དེ་ལས་ ཞབས་བྲོ་རྐྱབ་མིའི་ཉིན་འཐུས་ཚུ་ ཡར་སེང་འབད་དགོཔ་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཚེས་བཅུའི་དོན་ལུ་ གོ་དང་དཀྱི་ར་ཚུ་ མཁོ་སྔགས་འབད་མི་ལེ་ཤ་ཐོན་དོ་ཡོདཔ་ཨིན་རུང་ གོ་ལའི་ཚོང་འབྲེལ་འཐབ་མི་ ཨམ་སྲུ་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ལོ་ནང་ ད་ལྟོ་ མཁོ་སྔགས་འབད་མི་དང་ ཉོ་མི་ཚུ་གཅིག་ཡང་ མ་ཐོན་ཟེར་ཨིནམ་ད་ འདི་དང་འདྲཝ་སྦེ་ ཚེམ་ཁང་ཚུ་ནང་ཡང་ ཚེས་བཅུའི་དོན་ལུ་ གོ་ལ་བཙེམ་པར་ མི་ཚུ་གིས་ ཨུ་ཚུགས་སྐྱེད་དེ་འོང་དོ་ཡོདཔ་ཨིན་རུང་ དུས་ཅི་ མི་གཅིག་ཡང་མ་ལྷོད་ཟེར་སླབ་ཨིན་པས།
ལྟ་བཤལཔ་གི་ ལམ་སྟོན་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ ཐིམ་ཕུ་ཚེས་བཅུའི་དོན་ལུ་ ཕྱི་རྒྱལ་ལས་ ལྟ་བཤལཔ་ལེ་ཤ་ར་འོང་དོ་ཡོདཔ་ལས་ ལམ་སྟོན་འབད་མི་ཚུ་གིས་ རྒྱལ་ཁབ་ཀྱི་ ངོ་ཚབ་བཟུམ་ཅིག་སྦེ་ འགན་འཁྲི་འབག་དགོ་པའི་ སྦྱོང་བརྡར་དང་ ལས་རིམ་ཚུ་ བྱིན་ཡོདཔ་མ་ཚད་ དུས་ཅི་ ཐིམ་ཕུ་ཚེས་བཅུའི་སྐབས་ལུ་ ཕྱི་རྒྱལ་ལས་ ལྟ་བཤལཔ་༥༠༠༠ ལྷགཔ་ཅིག་ འོང་ནིའི་རེ་བ་ཡོད་ཟེར་ཨིན་པས།
འདས་པའི་ལོ་དག་པ་ཅིག་ལས་ཚུར་ རང་ཟླ་༨ པའི་ཚེས་༩ རེས་གཟའ་མིག་དམར་ལུ་ཡང་ ཐིམ་ཕུ་བཀྲིས་ཆོས་རྫོང་རྟེན་འབྲེལ་ཐང་ནང་སྦེ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ སློབ་ཕྲུག་ཚུ་གིས་ དཔལ་གླིང་འགྱིང་༣ གྱི་སྐུ་འཆམ་དང་ ཤ་རྩམ་ གཏེར་འཆམ་ སྒྲ་སྙན་འཆམ་ དེ་ལས་ ཤཝ་ཤ་ཁྱིའི་སྐུ་འཆམ་གྱིས་མ་ཚད་ ཞབས་བྲོའི་ལས་རིམ་ཚུ་ཡང་ ཉིནམ་ཅིག་གི་རིང་ མི་མང་ལུ་ སྟོན་ནི་འགོ་བཙུགས་ཡོདཔ་ལས་ དུས་ཅི་ཡང་ ལྟདམོ་ཚུ་སྟོན་ནི་ཨིནམ་བཞིན་དུ་ སྤྲོ་བ་དང་ དང་འདོད་ཅན་གྱི་ འབྲུག་མི་ཡོངས་ཀྱིས་ སྐུ་འཆམ་ཚུ་ མཇལ་བར་འོང་བའི་རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment