གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟམ་མེད་མི་ལུ་བརྟེན་ དཀའ་ངལ།

༡/༩/༢༠༡༢   ༉ ཆོས་འཁོར་རྒེད་འོག་ ལུད་སི་སྦིས་གཡུས་ཚན་གྱི་དོན་ལུ་ སྤྱི་ལོ་༢༠༠༩ འི་ལོ་ལུ་ སྨན་ཆུ་སྒང་ལས་ སོ་ནམ་ཞིང་ལམ་བསལ་ཡོད་རུང་ འཁོར་ལམ་དེ་ ད་ལྟོ་ཡང་ རྩིས་སྤྲོད་འབད་མ་ཚུགས་པར་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་འཕྱགས་བདའ་མི་ མཁར་ཟམ་གདུང་ཆུའི་ཟམ།


དེ་ཡང་ ཞིང་ལམ་དེ་ འགོ་དང་པ་ བསལ་བའི་ལོ་ལུ་ སྣུམ་འཁོར་དང་འཕྲུལ་གླང་ཚུ་ རྒྱུན་འབྲེལ་འཐབ་ཡོད་རུང་ ལོ་དེ་ནང་ར་  མཁར་ཟམ་གདུང་ཆུའི་ཟམ་དེ་ འཕྱག་འབག་ཞིནམ་ལས་ ཟམ་མེད་པར་ ལམ་དེ་ཡང་ ལག་ལེན་འཐབ་མ་ཚུགས་པར་ དེ་སྦེ་ར་ ལུས་ཡོདཔ་ལས་ ལུད་སི་སྦིས་གཡུས་ཚན་ལུ་ ཕན་ཐོགས་བྱུང་མ་ཚུགསཔ་ཨིན་པས།
སྨན་ཆུ་སྒང་གི་ཚོང་པ་ བསོད་ནམས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་འགོ་དང་པ་སེལ་བའི་སྐབས་ ཆུ་དེ་ནང་ ཤིང་ཟམ་རྐྱབ་ཡོད་མི་དེ་གིས་ སྣུམ་འཁོར་ཚུ་ཡང་ འགྲོ་འགྲུལ་འབད་ཚུགས་རུང་ ཤུལ་ལས་ ཟམ་མེད་པར་ལུས་སོ་ཡི་ཟེར་ཨིན་པས།
ལུད་སི་སྦིས་གཡུས་ཚན་ལས་ ལྷ་སྒྲོན་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་དེ་ནང་ ཟམ་མེད་པར་ ལོ་དག་པ་ཅིག་སོང་ཡོདཔ་ལས་ གཡུས་ཚན་ཚུ་ནང་བཏོན་ཡོད་མི་ ལམ་ཁག་མང་ཤོས་ཅིག་ བསུབས་ཡོད་པའི་ཁར་ ས་ཁོངས་དག་པ་ཅིག་ནང་ལས་ ཆུ་རུད་ཀྱིས་ འཕྱག་བདའ་མི་ལུ་བརྟེན་ ལོག་སྟེ་བཅོ་དགོཔ་བཟུམ་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལམ་དེ་ཡོད་པ་ཅིན་ གཡུས་ཚན་དེ་ནང་གི་མི་ཚུ་གིས་ ཀེ་བ་ཚུ་བཙོང་པར་འབག་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་མི་དེ་ཡང་ གཡུས་ཚན་དེ་ སོ་ནམ་ཞིང་ལམ་ངོ་མ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ ས་ཁར་ཡོདཔ་ལས་ ཀེ་བ་ཚུ་ག་ར་ རྟ་གུ་བཀལ་ཏེ་ འབག་འགྱོ་དོ་ཡོདཔ་ཨིན་པས།
མོ་གི་ཆ་རོགས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ ཀེ་བ་བཙོང་ནི་གི་ དུས་ཚོད་ཨིནམ་ལས་ ཀེ་བ་ཚུ་ ག་དེ་སྦེ་ འཁོར་ལམ་ཚུན་ འབག་བཀལ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིནམ་ད་ ཀེ་བ་ཚུ་རྟ་གུ་འབག་སྐྱེལ་བའི་སྐབས་ ཟད་འགྲོ་ཡང་ ཐེབས་གནསཔ་མས་ཟེར་བཤད་ཅི།
ཆོས་འཁོར་རྒེད་འོག་བདག་སྐྱོང་འགོ་དཔོན་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ སྦ་ཟམ་ཡོད་མི་དེ་ གཙང་ཆུ་གིས་ འཕྱག་བདའ་ཡོདཔ་ལས་ ད་ལྟོ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་པའི་ཟམ་ཅིག་ རྐྱབ་ནི་གི་དོན་ལུ་ ཁག་འབགཔ་ལུ་ ལཱ་ཚུ་སྤྲོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ ད་རེས་ཀྱི་ཟམ་དེ་ ཕྱོགས་གཉིས་ནང་ རྩི་ས་དང་ལྕགས་ཀྱིས་ ཀཝ་ལྷོང་སྟེ་ བར་ན་ལས་ ཤིང་ཚུ་བཙུགས་ཐོག་ལས་ བཟོ་ནི་ཨིནམ་ལས་ མ་དངུལ་འབུམ་༨ དེ་ཅིག་སྦེ་ ཁག་འབག་ཐོག་ལུ་སྤྲོད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment