གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་དང་ མ་ཎི་དུང་སྒྲུབ་ད་རིས་ འགྲོལ་གནང་ནི།

༡/༩/༢༠༡༢   ༉ ཐིམ་ཕུ་བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་སྦེ་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་དང་ མ་ཎི་དུང་སྒྲུབ་བསགས་མི་དེ་ ད་རིས་ སྤྱན་རས་གཟིགས་ཀྱི་དབང་དང་ མགོན་པོའི་སྟོང་ཚོགས་གནང་ཐོག་ལས་ འགྲོལ་ནི་ཨིན་པས།
མ་ཎི་བགྱང་མི་ དད་ཅན་ཚུ།


ད་རིས་ དྲོ་པའི་ཆུ་ཚོད་༦ ལས་ ཆུ་ཚོད་༩ ཚུན་ སྤྱན་རས་གཟིགས་ཀྱི་དབང་གནང་ནི་དང་ ཆུ་ཚོད་༡༠ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ མགོན་པོའི་སྟོང་ཚོགས་ཀྱི་ཚོགས་འཁོར་བསྐོར་གནང་ནི་ཨིནམ་ད་ དེ་ཁར་ བདེ་ཆེན་ཕོ་བྲང་སློབ་གྲྭའི་དགོ་སློང་ཞལ་གྲངས་༣༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
འདས་པའི་ཉིན་གྲངས་ལྔའི་རིང་ སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་དང་ མ་ཎི་དུང་སྒྲུབ་བསགས་ཡོདཔ་ད་ དེ་ཁར་ རྒྱལ་ས་ལྟེ་བ་ལས་ དད་ཅན་གྱི་མི་སེར་དང་ རྫོང་ཁག་གཞན་ཁ་ལས་ མ་ཎི་བགྱང་པར་ དད་ཅན་ཨ་རྒས་དང་ཨང་རྒས་མང་རབས་ཅིག་འཛོམས་ཡོདཔ་ཨིན་པས།
བདེ་ཆེན་ཕོ་བྲང་སློབ་གྲྭའི་ དབུ་འཛིན་དཀོན་མཆོག་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སློབ་གྲྭ་ནང་སྦེ་ ལོ་བསྟར་བཞིན་དུ་ མ་ཎི་དུང་སྒྲུབ་བསགས་གནངམ་ཨིན་རུང་ སྤྱན་རས་གཟིགས་ཀྱི་ སྒྲུབ་ཆེན་དེ་ གནང་ནི་མེད་ཟེར་ཨིནམ་ད་ དུས་ཅི་ལས་འགོ་བཙུགས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ཏེ་ སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་གནང་ནིའི་སྲོལ་བཙུགས་ཡོདཔ་ལས་ ད་ལས་ཕར་ ལོ་བསྟར་བཞིན་དུ་ གནང་འོང་ཟེར་ཨིན་པས།
བདེ་ཆེན་ཕོ་བྲང་སློབ་གྲྭ་ནང་སྦེ་ ལོ་བསྟར་བཞིན་དུ་ མ་ཎི་དུང་སྒྲུབ་བསགས་གནང་མིའི་གུ་ དམིགས་བསལ་དུ་ དུས་ཅི་ལས་ འཕགས་པ་སྤྱན་རས་གཟིགས་ཀྱི་ སྒྲུབ་ཆེན་གནང་དགོ་མི་དེ་ཡང་ དུས་ཀྱི་འགྱུར་བ་བསྟུན་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེ་བའི་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ བཟློག་ཐབས་ལུ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ སྐྱབས་རྗེ་མཆོག་གིས་ རྒྱལ་ཁབ་ནང་ ཞི་བའི་སྦྱིན་སྲེག་དང་ གསོན་སྦྱང་དབང་བསྐུར་གནང་ནི་ ཚེ་དཔག་མེད་ཀྱི་གསུང་ཆོག་དང་ རྣམ་སྲས་ཚེ་རིང་མའི་ གསུང་ཆོག་གནང་ནི་ དེ་ལས་ རྒྱལ་ཁབ་ཞི་བདེ་དང་དགའ་སྐྱིད་དོན་ལུ་ ཆོས་ཕྱོགས་ཀྱི་ ལས་རིམ་མང་རབས་ཅིག་ མཛད་གནང་མིའི་གྲས་ལས་ འཕགས་པ་སྤྱན་རས་གཟིགས་ཀྱི་ སྒྲུབ་ཆེན་གནང་མི་དེ་ གཅིག་ཨིན་ཟེར་ཨིན་པས།
ཁ་ཙ་ཚུན་ དད་ཅན་གྱི་མི་སེར་ཚུ་གིས་ མ་ཎི་བྱེ་བ་༧ ལྷགཔ་ཅིག་བསགས་ཡོདཔ་ད་ མ་ཎི་བགྱང་པར་འོང་མི་ མི་གྲངས་༡༠༠༠ ལྷགཔ་ཅིག་འཛོམས་ཡོདཔ་བཞིན་དུ་ ཉིནམ་དེ་ནང་ སྤྱན་རས་གཟིགས་ཀྱི་ ཞི་བའི་སྦྱིན་སྲེག་གནང་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment