གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལྟོའི་སྲིད་དོན་ཚོགས་པ་༢ ཆ་ར་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ཨིན་པའི་ངོས་འཛིན།

༡/༩/༢༠༡༢   ༉ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་༢ ཀྱིས་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྩིས་ཆད་དང་ རྩིས་རྙོགས་ཚུ་མེདཔ་སྦེ་ ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུད་ཚུ་ལུ་ གསལ་བསྒྲགས་འབད་ཡི།


བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ གནས་སྟངས་སྙན་ཞུ་ བསྐྱར་ཞིབ་མཇུག་བསྡུ་ཡོད་པའི་ གྲུབ་འབྲས་དང་འཁྲིལཝ་ད་ སྲིད་ཚོགས་༢ ཆ་ར་གིས་ བུ་ལོན་དང་འབྲེལ་བའི་ རྩིས་ཆད་གནས་སྟངས་ཚུ་ བསལ་ཚར་ཡོདཔ་ལས་ སྔར་བཞིན་དུ་ ཐོ་བཀོད་གྲུབ་པའི་ སྲིད་ཚོགས་ཨིནམ་སྦེ་ གསལ་བསྒྲགས་འབད་ཡི།
གསལ་བསྒྲགས་དེ་གིས་ སྲིད་ཚོགས་༢ ཆ་ར་ ལོགས་སུ་སྦེ་ ཐོ་བཀོད་འབད་མ་དགོཔ་ཨིན་རུང་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ བཙག་འཐུའི་ལམ་ལུགས་དང་བསྟུན་ བྱ་སྒོའི་རིམ་པ་ཚུ་ལག་ལེན་ཐོག་ ལྷན་ཚོགས་ཀྱིས་ བཙག་འཐུའི་ཚེས་གྲངས་ གསལ་བསྒྲགས་འབད་ཞིནམ་ལས་ ཚོགས་པའི་འདེམས་ངོའི་ ཐོ་བཀོད་ཚུ་ ཟུར་སྦྲགས་ཐོག་ བཙག་འཐུ་ནང་ བཅར་མར་གཏོགས་ནི་གི་ དང་འདོད་ཞུ་ཡིག་ བཙུགས་དགོཔ་ཨིན་པས།
བསྐྱར་ཞིབ་སྙན་ཞུ་དེ་ཡང་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ ཟླ་དང་པའི་ཚེས་༣༡ ལུ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་༢ ཀྱིས་ རང་སོའི་ རྩིས་ཁྲ་ཚུ་དང་འབྲེལ་བའི་ བུ་ལོན་ཚུ་བཏབ་ཐོག་ལས་ ཚོགས་པའི་གནས་སྟངས་སྙན་ཞུ་ཚུ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ འི་ནང་འཁོད་ ལྷན་ཚོགས་ལུ་ཕུལ་དགོཔ་སྦེ་ གསལ་བསྒྲགས་འབད་ཡོད་མི་དང་འཁྲིལ་ ཚོགས་པ་ཚུ་གིས་ རང་སོའི་གནས་སྟངས་སྙན་ཞུ་ཕུལ་མི་དེ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་རའི་ བུ་ལོན་ཚུ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ འི་ ནང་འཁོད་ལུ་བཏབ་ཚར་ཏེ་ རྩིས་རྙོགས་མེདཔ་བཟོ་ཡོདཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པ་གིས་ བུ་ལོན་བཏབ་ནིའི་ནང་ བརྩོན་ཤུགས་བསྐྱེད་ཐོག་ལས་ འདས་པའི་བདུན་ཕྲག་དག་པ་ཅིག་གི་ཧེ་མར་ བུ་ལོན་ཚུ་ བཏབ་ཚར་ཡོདཔ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ མི་སེར་དམངས་གཙོ་ཚོགས་པ་གིས་ བུ་ལོན་ཚུ་ སྤྱི་ཟླ་༦ པའི་ཚེས་༣༠ འི་ནང་འཁོད་ལུ་ བུ་ལོན་ཚུ་ བཏབ་མ་ཚུགས་པའི་གནད་དོན་ཐོག་ གསལ་བཤད་འབད་མིའི་ནང་ དེ་བཟུམ་མའི་གནས་སྟངས་ནང་ བདེ་སྒྲིག་ཐོག་ལས་ གོ་སྐབས་བཟོ་དགོཔ་ཁག་ཆེ་ཟེར་ཨིནམ་ད་ ཚོགས་པ་དེ་གིས་ བུ་ལོན་གྱི་ གནད་དོན་དེ་ལུ་གཙོ་རིམ་བཟུང་ཐོག་ལས་ བརྩོན་ཤུགས་བསྐྱེད་དེ་ ཚུལ་མཐུན་ཐོག་ བུ་ལོན་ཚུ་ བཏབ་ཚར་ཡོདཔ་ཨིན་ཟེར་ཨིནཔས།
བཙག་འཐུ་ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལཝ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་པའི་ཁྲི་འཛིན་བགྲེསཔ་གི་ ས་ཆ་གཏའ་མར་བཙུགས་ཐོག་ལས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༢༢ ལྷགཔ་ཅིག་ལེན་མི་དེ་ དངུལ་ཁང་གིས་ གཏའ་མར་བཙུགས་མི་ས་ཆ་དེ་ རིན་བསྡུར་ཐོག་བཙོང་སྟེ་ རྩིས་སྒྲིག་འབད་ནུག་ཟེར་ཨིན་པས།
དངུལ་ཁང་གི་ བུ་ལོན་བཏབ་ཚར་བའི་ལྷག་ལུས་ ད་རུང་ གཞན་ཁར་ དངུལ་ཀྲམ་ས་ཡ་༡༧ ལྷགཔ་ཅིག་ བཏབ་དགོཔ་ཡོད་མི་དེ་ ཚོགས་པའི་འཐུས་མི་ཚུ་གིས་ ཁས་བླངས་ཞལ་འདེབས་ཨིན་པའི་ ངོ་སྦྱོར་ཐོག་ རྩིས་སྒྲིག་འབད་ཡོདཔ་ད་ དེ་ལས་ དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་ཡོད་མི་དེ་ ཚོགས་པའི་འཐུས་མི་ཚུ་གིས་ ཞལ་འདེབས་བྱིན་མིའི་ཐོག་ལས་ བཏབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ དངུལ་ཁང་ལུ་བཏབ་དགོཔ་དང་ ཚོགས་པའི་གཙོ་འཛིན་ལུ་བཏབ་དགོཔ་ དེ་ལས་ གཞན་ལུ་སྤྲོད་དགོཔ་ཡོད་པའི་ བུ་ལོན་དངུལ་ཀྲམ་ས་ཡ་༢༠.༣༩ དེ་ཅིག་ཡོད་མི་ཚུ་ ཚོགས་པའི་ནང་ ཐོ་བཀོད་འབད་ཡོད་པའི་ འཐུས་མི་ཚུ་གིས་ ཁས་བླངས་ཞལ་འདེབས་བྱུང་མི་ཚུ་གིས་ བཏབ་ཡོདཔ་ལས་ ལྷན་ཚོགས་ལུ་ ཚོགས་པ་༢ ཀྱིས་ བུ་ལོན་ཚུ་ ཁ་གསལ་བཟོ་ཡོད་པའི་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཐོ་བཀོད་ཅན་གྱི་འཐུས་མི་༣༢༦ དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཐོ་བཀོད་ཅན་གྱི་འཐུས་མི་༢༠༡ ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment