གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་བདའ་སྟེ་ འགྲུལ་བསྐྱོད་འབད་མི་ཚུ་ལུ་ དོ་འགྲན་བྱུང་དོ་ཡོདཔ།

༡/༩/༢༠༡༢   ༉ དབུལ་ཕོངས་ཀྱི་དཀའ་ངལ་སྦོམ་ཡོད་པའི་ ས་ཁོངས་ཚུ་ནང་ དངུལ་ཐོག་གི་འོང་འབབ་མེདཔ་མ་ཚད་ རང་གི་སྲོག་ཡང་བློས་བཏང་སྟེ་ ས་མཚམས་ལས་ཕར་ རྒྱུན་འགྲུལ་འཐབ་མི་ཚུ་གི་ འཚོ་བའི་གནས་སྟངས་ལུ་ དོ་འགྲན་བྱུང་དོ་ཡོདཔ་ཨིན་པས།


དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་གི་ གླང་ཆེན་ཕུག་དང་ གསེར་ཐིག་ དེ་ལས་ ལའུ་རི་རྒེད་འོག་༣ ནང་ གཞིས་བཅགས་སྡོད་མི་དང་ གཞུང་གི་ཡིག་ཚང་ནང་ ལཱ་འབད་མི་ སློབ་གྲྭ་ཁག་ དེ་ལས་ བཟོ་སྐྲུན་གྱི་ ལཱ་འབད་མི་ཚུ་ རྒྱ་གར་གྱི་ས་མཚམས་ ཨ་སམ་དང་ བེང་གཱོལ་ཚུ་ནང་ རྒྱུན་འགྲུལ་འཐབ་པའི་སྐབས་ལུ་ གཞུང་དང་ གཞུང་མིན་ལས་སྡེ་ཚུ་ལུ་ འཚོ་བའི་གནས་སྟངས་ཀྱི་ གྱོང་རྒུད་སྦོམ་ ཕོག་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱ་གར་ཨ་སམ་གྱི་ས་མཚམས་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་བའི་སྐབས་ ལའུ་རི་རྒེད་འོག་ མོམ་རིང་གཡུས་ཚན་ལས་ སྐྱེས་ལོ་༣༦ ལང་མི་ ཨྱོན་འཕྲིན་ལས་ཀྱི་ བུཚ་སྐྱེས་ལོ་༤ འབད་མི་ལུ་ གནོད་སྐྱོན་བྱུང་ཡོདཔ་ལས་ འཇོམས་སྤང་སྨན་ཁང་ཆུང་བའི་ནང་ སྨན་བཅོས་འབད་མ་ཚུགས་པར་ རྒྱལ་ས་ལྟེ་བ་ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨང་ཁང་ནང་ སྨན་བཅོས་འབད་བར་འོང་ཡོདཔ་ཨིན་པས།
སྨན་བཅོས་འབད་དེ་ ཟླཝ་གཅིག་གི་རྒྱབ་ལས་ ལོག་གཡུས་ཁར་ སོང་བའི་སྐབས་ རྒྱ་གར་ས་མཚམས་ལས་ཕར་ སྟབས་མ་བདེ་བའི་དཀའ་ངལ་ཡོདཔ་ལས་ ཐིམ་ཕུ་ལས་ བཀྲིས་སྒང་ལུ་ འགྲོ་འགྲུལ་འབད་ཡོདཔ་ད་ བཀྲིས་སྒང་རང་འབྱུང་ལུ་ལྷོདཔ་ད་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལས་ ཇོ་མོ་གཙང་ཁ་དྲུང་ཁག་ལུ་ འགྲུལ་བསྐྱོད་འབད་ནི་དེ་ ཉིན་གྲངས་༤ བཀག་ཆ་འབད་ཡོད་ནི་དེ་གིས་ བཀྲིས་སྒང་མེ་རག་དྲུང་ཁག་ལས་བརྒྱུད་དེ་ འགྲོ་འགྲུལ་འབད་དགོཔ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༨ རེས་གཟའ་ལྷག་པ་ལུ་ བཀྲིས་སྒང་རང་འབྱུང་ལས་འགོ་བཙུགས་ཏེ་ མེ་རག་དྲུང་ཁག་ནང་ འགྲོ་འགྲུལ་འབད་ཡོདཔ་ད་ ད་རིས་ ལའུ་རི་རྒེད་འོག་མོམ་རིང་གཡུས་ཚན་ནང་ ལྷོད་ནི་ཨིནམ་ད་ ཨྱོན་འཕྲིན་ལས་ཀྱིས་ སླབ་མི་དང་འཁྲིལཝ་ད་ བཀྲིས་སྒང་བརྒྱུད་དེ་ ལའུ་རི་རྒེད་འོག་ནང་ལྷོད་ནི་ལུ་ ལམ་ཁར་དོ་འགྲན་སྦོམ་ར་ བྱུང་ཡི་ཟེར་ཨིན་པས།
གནམ་བྱཱར་ཆརཔ་གི་ དུས་ཚོད་འབདཝ་ལས་ ལམ་ལེགས་ཤོམ་མེདཔ་མ་ཚད་ ལམ་ཡོད་མི་ཚུ་ནང་ཡང་ ས་རུད་དང་ ཆུ་རུད་ཐོན་མི་ལུ་བརྟེན་ གཙང་ཆུ་གུ་ལས་ཕར་ ཟམ་མེད་ནི་དེ་གིས་ ཆུ་བརྒལ་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ཁར་ གཅག་གཟན་སྟག་དང་ གཟིག་ དེ་ལས་ དོམ་ཚུ་གིས་ གནོད་སྐྱོན་རྐྱབ་ནིའི་ཉེན་ཁ་ཡོདཔ་མ་ཚད་ ལམ་བདའ་སྟེ་ ཞག་གཉིས་གསུམ་སྡོད་དགོ་མི་གིས་ འཚོ་བའི་གནས་སྟངས་ལུ་ དོ་འགྲན་ལེ་ཤ་བྱུངམ་མས་ཟེར་ཨིན་པས།
གཡུས་སྒོ་འདི་གི་ འགྲུལ་བསྐྱོད་འབད་མི་གཞན་མི་ཚུ་གིས་ འབད་བ་ཅིན་ མཐའ་ཟུར་གྱི་གཡུས་སྒོ་ ལའུ་རི་རྒེད་འོག་ནང་སྡོད་མི་ མི་སེར་ཚུ་བཟུམ་སྦེ་ དངུལ་ཐོག་དང་ འཚོ་བའི་གནས་སྟངས་ལུ་ དཀའ་ངལ་གཅིག་ཤུལ་གཉིས་སྦེ་ཐོནམ་མས་ཟེར་ཨིན་པས།
ལའུ་རི་རྒེད་འོག་ལས་ མོམ་རིང་རོལ་ནང་ཕ་ཇོ་དགོན་པའི་ཚོགས་པ་ བསོད་ནམས་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལའུ་རི་རྒེད་འོག་ནང་སྡོད་མི་ མི་སེར་ག་ར་ འཚོ་བ་སོ་ནམ་ལུ་བརྟེན་སྡོད་མི་ཨིནམ་ལས་ དངུལ་ཐོག་གི་ འོང་འབབ་བཟོ་ནིའི་ གོ་སྐབས་ག་ནི་ཡང་མེད་ཟེར་ཨིནམ་ད་ མི་སེར་སོ་ནམ་པ་ཚུ་ ད་རེས་ནངས་པ་ ལོ་ཐོག་གི་ཐོན་སྐྱེད་ཚུ་ རི་དྭགས་སེམས་ཅན་ཚུ་ལས་སྲུང་དགོ་པའི་དོ་འགྲན་བྱུང་དོ་ཟེར་ཨིན་པས།
ཨིན་རུང་ སོ་ནམ་ཞིང་ལམ་དེ་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ ད་ལྟོ་ སེར་ཐིག་རྒེད་འོག་ སྨན་ལྗོངས་འུང་འབྲིང་རིམ་སློབ་གྲྭ་བར་མ་ཚུན་ ལྷོད་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ གྲོང་གསེབ་ནང་ ཚྭ་དང་ ཆུམ་ ཚོད་བསྲེ་ མར་ཁུ་ཚུ་ཉོ་བར་ བདུན་ཕྲག་ལས་བཅད་དེ་ འགྱོ་མ་དགོ་པར་ ཉིནམ་༢ ཀྱི་ནང་འཁོད་ལུ་ལྷོད་ཚུགསཔ་ལས་ དཀའ་ངལ་བརྒྱ་ཆ་༤༠ དེ་ཅིག་བསལ་ཚུགས་ཅི་ཟེར་ཨིན་པས།
གླང་ཆེན་ཕུག་རྒེད་འོག་གི་ རྒཔོ་ལྷ་ཀྲུ་གིས་ སླབ་མི་དང་འཁྲིལཝ་ད་ འཕྲལ་ཁམས་ཅིག་ཁར་ ས་མཚམས་ལས་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་ཡོད་མི་གིས་མ་ཚད་ ཨ་སམ་མངའ་སྡེའི་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཐོནམ་ད་ རྒྱུན་འགྲུལ་འབད་ནི་དེ་ བཀགཔ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟླཝ་རེའི་ནང་ ས་མཚམས་ལས་ཕར་ འགྲོ་འགྲུལ་འབད་ནི་ལུ་ ཉུང་ཤོས་ར་ ཉིནམ་༡༠ དེ་རེ་བཀག་ཆ་འབད་འོང་ཟེར་ཨིན་པས།
དྲུང་ཁག་དེ་ནང་ ནདཔ་ཚབས་ཆེན་ཚུ་ ཐོན་པའི་སྐབས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ སྨན་ཁང་ཆེ་བའི་ནང་གཏང་ནི་ལུ་ དཀའ་ངལ་ཡོདཔ་བཞིན་དུ་ ལ་ལུ་ཅིག་ ལམ་བར་ན་ཤི་རྐྱེན་ཡང་ བྱུང་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་ལས་བརྒྱུད་དེ་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ འཁོར་ལམ་བཏོན་ནིའི་དོན་ལུ་ རྫོང་ཁག་ཚོགས་འདུའི་ཞལ་འཛོམས་འཚོགས་པའི་སྐབས་ འཆར་གཞི་༡༡ པའི་ནང་བཙུགས་ནིའི་དོན་ལུ་ གྲོས་གཞི་ཕུལ་ཡོད་རུང་ ད་ལྟོ་ གྲོས་ཆོད་བཏོན་མ་ཚུགས་པར་ ལུས་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment