གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམ་ཅན་ས་སྣུམ་བླུགས་མཛོད་ཁང་ཚུ་ནང་ ས་སྣུམ་མ་ལང་པའི་དཀའ་ངལ་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ བསལ་ཚུགས་པའི་རེ་བ།

༡/༩/༢༠༡༢   ༉ རྒྱལ་ཁབ་ནང་འཁོད་ཀྱི་དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ ས་སྣུམ་བླུག་པར་འགྱོ་མི་སྣུམ་འཁོར་ཚུ་ དུས་ཚོད་མང་ཤོས་ཅིག་ནང་ ས་སྣུམ་མ་ཐོབ་པར་ དབུགས་འགམ་བྱུང་མི་ལུ་བརྟེན་ ལ་ལུ་ཅིག་གིས་ མི་མང་ཞབས་ཏོག་ མཁོ་སྤྲོད་འབད་མ་ཚུགས་པ་ཅིན་ ལྕོགས་གྲུབ་ཡོདམི་ཚུ་ལུ་ གོ་སྐབས་བྱིན་པ་ཅིན་ དྲག་ནི་མས་ཟེར་ སླབ་མི་ཡང་ ཐོནམ་ཨིན་པས།
དུས་ཚོད་མང་ཤོས་ནང་ར་ ས་སྣུམ་ཐོབ་ནི་མེད་མི་ དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་།


ས་སྣུམ་བཀྲམ་སྤེལ་ཁང་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནས་སྐབས་ཅིག་ ལས་སྡེ་ལུ་ མ་དངུལ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་དེ་ཡང་ ཚོང་མགྲོན་པ་ཚུ་ལས་ བུ་ལོན་ཚུ་ བསྡུ་ལེན་འབད་མ་ཚུགས་པར་ ཡོད་མི་ལུ་བརྟེན་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ དཀའ་ངལ་བྱུང་སྟེ་ ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དམ་ཅན་ས་སྣུམ་བཀྲམ་སྤེལ་ལས་སྡེ་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ལས་སྡེའི་ཚོང་མགྲོན་པ་ཚུ་ལས་ བུ་ལོན་དངུལ་ཀྲམ་ས་ཡ་༢༦ དེ་ཅིག་ ལེན་ནི་ཡོད་མི་ཚུ་གིས་ གལ་སྲིད་ བུ་ལོན་བཏབ་པར་ མ་ལྷོད་པ་ཅིན་ ཁྲིམས་གཏུགས་འབད་ནི་ཟེར་བཀོད་ནུག།
ཕུན་ཚོགས་གླིང་ལས་ དམ་ཅན་ས་སྣུམ་བཀྲམ་སྤེལ་ལས་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་སྡེ་ལུ་ འཕྲལ་ཁམས་ཅིག་ཁར་ དངུལ་འབྲེལ་གྱི་དཀའ་ངལ་ཐོན་ཡོད་པའི་ཁར་ ཚོང་མགྲོན་པ་ཚུ་ལས་ བུ་ལོན་བསྡུ་ལེན་འབད་མ་ཚུགསཔ་ལས་ ས་གནས་ཁག་གི་ དམ་ཅན་ས་སྣུམ་བཀྲམ་སྤྲེལ་ཁང་ཚུ་ནང་ ས་སྣུམ་མ་ལང་པའི་དཀའ་ ཐོན་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ ཉིནམ་༡༥ གི་ནང་འཁོད་ལུ་ དཀའ་ངལ་དེ་ བསལ་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
ཐིམ་ཕུའི་ སྣུམ་འཁོར་དེད་གཡོགཔ་ ལ་ལུ་ཅིག་གིས་ སླབ་མིའི་ནང་ དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ ས་སྣུམ་མེད་པའི་གནས་སྟངས་དེ་ ན་ཧིང་ལས་ར་ འགོ་བཙུགས་ཡོད་པའི་ནང་ལས་ ད་རེས་ཁམས་ཀྱི་ གནས་སྟངས་དེ་ སྐྱོ་སུ་ཅིག་སྦེ་ མཐོང་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ དམ་ཅན་ས་སྣུམ་བཀྲམ་སྤེལ་ལས་སྡེའི་ ས་སྣུམ་བཀྲམ་སྤེལ་ཁང་༡༢ དེ་ཅིག་ཡོད་པའི་གྲས་ལས་ ཐིམ་ཕུ་ལྕང་ཟམ་ཏོག་དང་ ལྕང་ཨོ་ལ་ཁ་ལུ་འབདཝ་ད་ བསྡོམས་ཀྱིས་༢ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་ བི་པི་སི་ཨེལ་ལུ་ ས་གནས་ཁག་ཚུ་ནང་ ས་སྣུམ་བླུགས་མཛོད་ཁང་༩ དང་ ས་སྣུམ་བླུགས་ཁང་མང་ཤོས་ར་ བྷུ་ཊཱན་ས་སྣུམ་བཀྲམ་སྤེལ་ལས་སྡེ་ བྷུ་ཊཱན་ཨོ་ཡེལ་ཌིས་ཊི་བུ་ཊར་ལུ་ ས་སྣུམ་བཀྲམ་སྤེལ་ཁང་༢༥ དེ་ཅིག་ཡོད་པའི་ཁར་ བཀྲམ་སྤེལ་ཁང་༢ ཝམ་རོང་དང་ ངང་ལམ་ཚུ་ནང་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
མི་མང་ལ་ལུ་ཅིག་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ དམ་ཅན་གྱི་ ས་སྣུམ་བླུགས་མཛོད་ཁང་གཞི་བཙུགས་འབད་ཡོདཔ་ཨིན་རུང་ དེ་དང་བསྟུན་པའི་ ཞབས་ཏོག་ལེགས་ལྡན་མེད་པར་ དགོས་མཁོ་ཐོན་ཏེ་ ས་སྣུམ་བླུགས་མཛོད་ཁང་གི་ས་གོ་ནང་ལྷོདཔ་ད་ དེ་ནང་ཡོད་པའི་ ས་སྣུམ་བླུགས་མི་ཚུ་གིས་ མར་ཁུ་མེད་ཟེར་ སླབ་པའི་བསྒང་ལས་ དབུགས་འགམ་སི་སི་གི་ གནས་སྟངས་ལུ་ འགྱུརཝ་མས་ཟེར་ཨིན་པས།
དེ་བཟུམ་མའི་ཉམས་མྱོང་ཅན་ཅིག་ཨིན་མི་ ཐིམ་ཕུ་ལུ་ ལས་འཛིན་ཅིག་ནང་ལཱ་འབད་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་ཚར་ཅིག་ སྤ་རོ་ལུ་འགྱོ་བའི་ཞོར་ཁ་ ཨོ་ལ་ཁ་གི་ ས་སྣུམ་བླུགས་ཁང་ནང་མར་ཁུ་མེད་ཟེར་སླབ་ལས་ ལོག་ལུང་བསྟན་ཟམ་པའི་ ས་སྣུམ་བླུགས་མཛོད་ཁང་ནང་ འགྱོ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ལྕང་ཟམ་ཏོག་དང་ ཨོ་ལ་ཁ་གི་ ས་སྣུམ་བླུགས་ས་ལས་ ས་སྣུམ་བླུགས་ནི་མེད་པར་ ཐེངས་ལེ་ཤ་ཅིག་ར་ ལོག་འོང་ཞིནམ་ལས་ཚུར་ ས་སྣུམ་བླུགས་པ་དེ་ཁར་ འགྱོ་ནི་ར་མེད་ཟེར་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལུང་བསྟན་ཟམ་པའི་ ས་སྣུམ་བླུགས་མཛོད་ཁང་ནང་ སྣུམ་འཁོར་ཚུ་ འཕྲལ་འཕྲལ་ར་ གྱལ་བསྣར་ཏེ་སྡོད་མི་གི་ གནད་དོན་ཅིག་ ས་སྣུམ་བླུགས་ཁང་གཞན་ཁར་ ས་སྣུམ་མེད་མི་ལུ་བརྟེན་ འོང་ནི་ཨིན་མས་ཟེར་ཨིན་པས།
ལྕང་ཟམ་ཏོག་ དམ་ཅན་ས་སྣུམ་བླུགས་མཛོད་ཁང་དེ་ སྤྱི་ལོ་༢༠༠༤ ལས་ གཞུང་ས་ཕིཊི་གྲུ་བཞི་༡༠,༥༠༠ དེ་ཅིག་ གླ་ཁར་ལེན་ཐོག་ལས་ ལོ་བསྟར་བཞིན་དུ་ གླ་ཡོན་ས་ཆ་ ཕིཊི་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢༠ རེ་སྤྲོད་དོ་ཡོདཔ་ད་ ས་ཆ་གླར་སྤྱོད་ཀྱི་ འགན་རྒྱ་དེ་ཡང་ སྤྱི་ལོ་༢༠༡༠ ལུ་ མིང་རྟགས་བཀོད་ཐོག་ལས་ གནས་ཡུན་ལོ་ངོ་༣༠ གི་དོན་ལུ་ཨིན་པས།
མི་མང་ལ་ལུ་ཅིག་གིས་འབད་བ་ཅིན་ གཞུང་ས་གླ་ཁར་ལེན་ཞིནམ་ལས་ ཞབས་ཏོག་མཁོ་སྤྲོད་ཚུལ་ལྡན་འབད་མ་ཚུགས་པ་ཅིན་ ས་ཆ་དེ་ ཡང་ཅིན་ གཞུང་གི་ལས་འགུལ་གཞན་གྱི་དོན་ལུ་ ལག་ལེན་འཐབ་ནི་དང་ དེ་མིན་ གཞན་མི་ས་སྣུམ་བཀྲམ་སྤེལ་གྱི་ ཞབས་ཏོག་མཁོ་སྤྲོད་འབད་ཚུགས་མི་ཚུ་ལུ་ སྤྲོད་དགོ་ནི་མས་ཟེར་ཨིན་པས།
དམ་ཅན་ས་སྣུམ་བཀྲམ་སྤེལ་ལས་སྡེའི་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ སྣུམ་འཁོར་ལག་ལེན་འཐབ་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ཐོན་མི་ལུ་ བློ་ཕམ་ཡོད་རུང་ གནས་སྐབས་ཅིག་ ལས་སྡེ་ལུ་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཡོདཔ་ལས་ བཟོད་པ་བཞེས་དགོ་ཟེར་ཨིན་པའི་ཁར་ ཁོང་གིས་ དེ་བཟུམ་མའི་ བཟོད་གསོལ་ཁྱབ་བསྒྲགས་ཅིག་ཡང་ བརྡ་བརྒྱུད་ཐོག་ གསལ་བསྒྲགས་འབད་ཡོདཔ་ལས་ དཀའ་ངལ་དེ་ ཉིནམ་༡༥ གི་ནང་འཁོད་ལུ་ བསལ་ཐབས་འབད་དོ་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment