གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞི་རྟེན་ཤེས་ཡོན་གྱི་གྲུབ་འབྲས་ལུ་ ངལ་རངས་ཀྱི་ཞུ་བ་དང་ དོགས་སེལ།

༡/༩/༢༠༡༢   ༉ སྤྱི་ཚེས་༢༨/༨/༢༠༡༢ ཀྱི་ཀུན་གསལ་ཤོག་གྲངས་༨ པའི་ནང་ ང་བཅས་རའི་ གཞི་རྟེན་ཤེས་ཡོན་དང་ འཕྲོ་མཐུད་ཤེས་ཡོན་གྱི་ གྲུབ་འབྲས་འདི་ རྒྱལ་སྤྱིའི་གཟེངས་བསྟོད་རྟགས་མ་ཐོབ་པའི་གྲངས་སུ་ གདམ་འཐུ་གྲུབ་མི་འདི་ ག་ནི་ལས་ ངལ་རངས་བའི་ གཞི་ཅིག་ཨིན་མས། 
གཞི་རྟེན་ཤེས་ཡོན་ལྷབ་མི་ཨམ་སྲུ་ཚུ།


དེ་ཡང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ དེང་རབས་ཀྱི་ ཤེས་ཡོན་འགོ་བཙུགས་ཏེ་ ལོ་ངོ་བརྒྱ་འཁོར་བའི་ ལོ་དུས་བརྩི་སྲུང་སྐབས་ལུ་ ཤེས་རིག་ལྷན་ཁག་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ལས་ དེ་བཟུམ་མའི་ གྲུབ་འབྲས་ཐོབ་མི་ལུ་ ཧིང་དྭངས་མའི་ དཀྱིལ་ལས་རང་ ལེགས་སོའི་བཀྲིས་བདེ་ལེགས་ཡོད།
དེ་དང་གཅིག་ཁར་ གཞི་རྟེན་ཤེས་ཡོན་བྱུང་རབས་སྐོར་ལས་ བརྡ་བརྒྱུད་དང་ གསར་ཤོག་གཟིགས་མི་ཚུ་ལུ་ དྲང་པོའི་དོགས་སེལ་དུམ་གྲ་ཅིག་ ཞུ་བ་ཅིན་ གཞི་རྟེན་ཤེས་ཡོན་འདི་ ད་རེས་ལས་ ལོ་ངོ་༢༡ གི་ཧེ་མ་ སྤྱི་ལོ་༡༩༩༢ ལུ་ དང་པ་ར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ གཞི་བཙུགས་གནང་སྟེ་ སྤྱི་ལོ་༡༩༩༤ ལས་ ཤེས་རིག་ལྷན་ཁག་ལུ་ རྩིས་ཕུལ་ཡོདཔ་ཨིན་རུང་ གཞི་རྟེན་ཤེས་ཡོན་བྱུང་རབས་ནང་ དྲང་པོའི་གནས་ལུགས་ངོ་མ་ མ་ཚུད་པར་ལུས་མི་འདི་ བརྡ་བརྒྱུདཔ་ཚུ་ལུ་ གནས་ཚུལ་ཆ་ཚང་མ་ཐོབ་ལས་བརྟེན་ ཨིནམ་འོང་མནོ་སྟེ་ བརྡ་བརྒྱུདཔ་དང་ མི་མང་ཡོངས་ཀྱིས་ དྲང་པོའི་གནས་ཚུལ་ག་ཨིན་མི་འདི་ མཁྱེན་ནི་གི་དོན་ལུ་ དུམ་གྲ་ཅིག་ ཞུ་ནི་ཨིན།
དེ་ཡང་ འབྲུག་གི་གཞི་རྟེན་ཤེས་ཡོན་ལས་རིམ་དེ་ སྤྱི་ལོ་༡༩༩༠ པའི་བཅུ་ཕྲག་འགོ་བཙུགསཔ་ད་ འཛམ་གླིང་རྒྱལ་སྤྱིའི་དམིགས་ཡུལ་ སྤྱི་ལོ་༢༠༠༠ ནང་འཁོད་ཀུན་ལུ་ཤེས་ཡོན་ཟེར་མི་ འགྲུབ་ཐབས་ལུ་ འབྲུག་རྒྱལ་ཁབ་ཀྱི་ འབྲི་ལྷག་ཤེས་ཚད་ཡར་སེང་གཏང་ནི་གི་དོན་ལུ་ རྒྱལ་ཁབ་ནང་ གཞི་རྟེན་ཤེས་ཡོན་གྱི་ ལས་རིམ་འགོ་བཙུགས་ནིའི་ གྲོས་འཆར་བྱུང་ནུག། དེ་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ ཡུ་ནི་སེཕ་དང་ ཡུ་ནིསི་ཀོ་གཉིས་ཀྱིས་ བྱིན་ནིའི་ཁ་བཟེད་རུང་ ལས་རིམ་འགོ་འདྲེན་འཐབ་ནི་འདི་ ཤེས་རིག་ཁ་ཐུག་ལས་ སློབ་གྲྭའི་ལུགས་མཐུན་ཤེས་ཡོན་དང་ གཞི་རྟེན་ཤེས་ཡོན་གྱི་ ལུགས་ཡངས་ཤེས་ཡོན་གཉིས་ གཅིག་ཁར་འགོ་འདྲེན་འཐབ་པ་ཅིན་ འཐུས་ཤོར་འབྱུང་ནི་གི་ དོགས་པ་ཆགས་ཏེ་ལུས་པའི་ཁར་ རྒྱལ་ཡོངས་ཨམ་སྲུ་ཚོགས་པ་གིས་ སྤྲོ་བ་ལེན་རུང་ འགོ་འདྲེན་འཐབ་ནི་གི་ གནས་གཞི་མ་འགྲིགས་པར་ ལུས་པའི་སྐབས་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ དེ་གི་ཧེ་མ་ལས་ རྒྱལ་ཁབ་ནང་ ན་གཞོན་རྫོང་ཁ་སློབ་སྦྱོང་ལྟེ་བ་ མང་རབས་ཅིག་བཙུགས་ཡོད་པའི་ ཉམས་མྱོང་ཡོད་པའི་ཁར་ གཞི་རྟེན་ཤེས་ཡོན་ཐོག་ལས་ འབྲུག་མི་ཡོངས་ལུ་ རྫོང་ཁའི་འབྲི་ལྷག་ཤེས་ཡོན་དང་ གཡུས་མི་སོ་སོའི་མི་ཚེ་སྐྱོང་ནི་གི་ ཤེས་ཡོན་བྱིན་ཚུགས་པའི་ གོ་སྐབས་བཟང་པོ་འདི་ལུ་བལྟ་སྟེ་ གཞི་རྟེན་ཤེས་ཡོན་ལས་རིམ་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་ནི་ལུ་ ཁས་བླངས་འབད་ནུག།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ལོ་༡༩༩༢ ལུ་ དང་པ་ར་ གཞི་རྟེན་ཤེས་ཡོན་ལྟེ་བ་༦ ནང་ སྔོན་འགྲོའི་སློབ་སྟོན་ལས་རིམ་འགོ་འདྲེན་འཐབ་ཞིནམ་ལས་ དེ་ལས་ཐོབ་པའི་ ཉམས་མྱོང་དང་འཁྲིལ་ཏེ་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལོ་ངོ་༡ གི་ནང་འཁོད་ ཤེས་རིག་སློབ་གྲྭའི་སློབ་རིམ་༦ པའི་རྫོང་ཁའི་ཤེས་ཚད་ཐོབ་ཚུགས་པའི་ སློབ་སྟོན་ཁྱད་རིག་གི་ ཐབས་ལམ་སྟོན་ཏེ་ དེ་དང་བསྟུན་པའི་ སློབ་སྦྱོང་དཔེ་དེབ་༣༠ སློབ་དཔོན་ལག་དེབ་དང་བཅས་པ་ བརྩམས་བསྒྲིགས་དང་། དེ་ཚུ་སྟོན་མི་གི་ སློབ་སྟོན་པ་གདམ་འཐུ་དང་ ཁག་ཆེ་བའི་ སྦྱོང་བརྡར་ཚུ་ཡང་ བྱིན་ཞིནམ་ལས་ སྤྱི་ལོ་༡༩༩༣ ནང་ལས་ རྫོང་ཁག་རེ་ནང་ གཞི་རྟེན་ཤེས་ཡོན་གྱི་ ལས་རིམ་ལྟེ་བ་༡ ལས་༣ ཚུན་བཙུགས་ནུག།
དེ་ནང་བཅའ་མར་གཏོགས་མི་ཡང་ མང་ཤོས་ར་ གྲོང་གཡུས་སོ་སོའི་ནང་ སློབ་གྲྭ་ནང་བཙུགས་ནི་གི་ ལོ་ཚད་ཐལ་ཏེ་ཡོད་མི་ཚུ་དང་ སློབ་གྲྭ་མཐར་འཁྱོལ་མ་ཚུགས་པར་ འཐོན་སྡོད་དགོཔ་བྱུང་སྟེ་ཡོད་མི་ མང་ཤོས་ར་ ཨམ་སྲུ་ཨིན་མི་ལས་ མི་གྲངས་༡༠༠ ལྷག་ཙམ་ཅིག་ལུ་ གཞི་རྟེན་ཤེས་ཡོན་སློབ་སྟོན་འགོ་བཙུགས་ཏེ་ རྒྱལ་ཁབ་ནང་ གཞི་རྟེན་ཤེས་ཡོན་གྱི་ ལས་རིམ་འདི་ འགོ་དང་པ་ར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ གཞི་བཙུགས་གནང་ནུག།
སྤྱི་ལོ་༡༩༩༤ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་སྤྱིའི་དམིགས་ཡུལ་དང་འཁྲིལ་ཏེ་ སྤྱི་ལོ་༢༠༠༠ ནང་འཁོད་ འབྲུག་རྒྱལ་ཁབ་ཀྱི་ འབྲི་ལྷག་ཤེས་ཚད་ བརྒྱ་ཆ་༥༦ ཡོད་མི་གི་ལྷག་ལུས་ བརྒྱ་ཆ་༤༤ ག་ར་ལུ་ རྫོང་ཁའི་འབྲི་ལྷག་ཤེས་ཡོན་ཁྱབ་ཚུགསཔ་བཟོ་ནི་གི་དོན་ལུ་ རྒེད་འོག་ཡོངས་དང་ འོས་འབབ་ཅན་གྱི་ གཡུས་ཚན་ག་རའི་ནང་ ལས་རིམ་ལྟེ་བ་རེ་ བཙུགས་ནི་གི་ འཆར་གཞི་བརྩམས་ཏེ་ གཞུང་ལུ་ཕུལ་ནུག།
གཞུང་ཞབས་ལས་ ཧ་ཅང་གིས་ རྒྱ་ཆེ་བའི་འཆར་གཞི་དེ་ལུ་གཟིགས་ཏེ་ དེ་བཟུམ་མའི་ འཆར་གཞི་ལག་ལེན་འདི་ སློབ་ཁང་དང་སློབ་དཔོན་ ལྟ་རྟོག་པ་ལ་སོགས་པའི་ མཐུན་རྐྱེན་ག་ཅི་གི་ཐད་ལས་འབད་རུང་ ཤེས་རིག་གིས་ འགོ་འདྲེན་འཐབ་ནི་ལུ་ འོས་འབབ་གཟིགས་ཏེ་ ལུགས་མཐུན་དང་ ལུགས་ཡངས་ཀྱི་ ཤེས་ཡོན་ག་ཅི་ར་ཨིན་རུང་ མི་སེར་ལུ་ ཤེས་ཡོན་བྱིན་ནི་གི་ འགན་ཁུར་འདི་ ཤེས་རིག་ལྷན་ཁག་གིས་ར་ འབད་དགོ་ཟེར་ བཀའ་གནང་ཞིནམ་ལས་ གཞི་རྟེན་ཤེས་ཡོན་ལས་རིམ་དེ་ སྤྱི་ལོ་༡༩༩༤ ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་ལུ་ རྩིས་སྤྲོད་ཕུལ་ནུག།
དེ་ལས་ཚུར་ ཤེས་རིག་ལྷན་ཁག་གིས་ ད་ཚུན་ལོ་ངོ་༡༩ འི་ནང་འཁོད་ལུ་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་གི་ལས་རིམ་ ཧེ་མ་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ གཞི་བཙུགས་གནང་མི་ ལམ་ལུགས་འདི་གུ་ ཁ་སྐོང་ཤེས་ཡོན་གྱི་ ལམ་ལུགས་ཧེང་སྐལ་དང་ དེ་ལས་ འོས་འབབ་ཡོད་པའི་ ལྟེ་བ་ཚུ་ནང་ དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ཡང་བཙུགས་ཏེ་ རང་འདྲོངས་ཤེས་ཡོན་གྱི་ ལས་རིམ་ཐོག་ལས་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ མི་རློབས་མང་རབས་ཅིག་ལུ་ འབྲི་ལྷག་ཤེས་ཡོན་དང་ མི་མང་ལུ་ མི་ཚེ་སྐྱོང་ཐབས་ཀྱི་ཤེས་ཡོན་ ལྷག་པར་དུ་ རྫོང་ཁའི་སྐད་ཡིག་གོང་འཕེལ་ལུ་ ཕན་ཐབས་སྦོམ་བྱུང་སྟེ་ཡོད་མི་དེ་ ང་བཅས་ར་ག་ར་ ཡི་རངས་བའི་ གཞི་ཅིག་ལུ་ གྱུར་ནུག་ཟེར་ཞུ་ནི།
འབྲུག་གི་གཞི་རྟེན་ཤེས་ཡོན་ལས་རིམ་གྱི་ བྱུང་རབས་གོང་གསལ་བཞིན་དུ་ཨིན་མི་འདི་ བརྡ་བརྒྱུདཔ་ཚུ་གིས་ ཤེས་རིག་ལྷན་ཁག་ལུ་ ཞུ་བ་ཅིན་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཤེས་རིག་ལུ་ རྩིས་སྤྲོད་ཕུལ་བའི་ ཡིག་ཆ་ཁ་གསལ་ཡོད་མི་ལས་ ཤེས་ཚུགསཔ་མ་ཚད་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་གི་ དཔེ་དེབ་ཚུ་ནང་གཟིགས་རུང་ དེ་ཚུ་ནང་ལས་ཡང་ གསལ་ཏོག་ཏོ་སྦེ་ ཧ་གོ་ཚུགས་ནི་ཨིན་པས།
གཞན་ཡང་ ལོ་ངོ་༢༠ འི་ཧེ་མ་གི་ མི་ཚུ་དང་ ང་བཅས་ར་ལུ་ གྲོགས་རམ་བྱིན་མི་ ལས་ཁུངས་ཚུ་གིས་ཡང་ ཧིང་སངས་ས་འབད་ར་ མཁྱེན་ཏེ་ཡོདཔ་ལས་ རྒྱལ་ཁབ་ནང་གི་ གཞི་རྟེན་ཤེས་ཡོན་ལས་རིམ་གྱི་ བྱུང་རབས་དེ་ འབྲུག་མི་ཡོངས་ཀྱིས་ གནས་ལུགས་ངོ་མ་ག་ཨིནམ་ དྲང་པོ་སྦེ་ མཁྱེན་ཚུགས་ནི་གི་དོན་ལུ་ ཁ་གསལ་གྱི་ དོགས་སེལ་ཕུལཝ་ཨིན་ཟེར་ཞུ་ནི།

རྫོང་ཁ་གོང་འཕེལ་ལྷན་ཚོགས།

No comments:

Post a Comment