གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་ལུ་ ས་ཚན་༧༥ ཉོ་བཙོང་བཀག་འཛིན་འབད་ཡོདཔ།

༦/༩/༢༠༡༢   ༉ ངན་ལྷད་བཀག་སྡོམ་ལྷད་ཚོགས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་གནད་དོན་ལུ་ ལོ་ངོ་༡ གི་རིང་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ ཁྲོམ་ས་ཐོབ་ལམ་མེད་མི་ སྒེར་མི་སོ་སོ་དང་ གཙུག་སྡེ་ཚུ་གི་ ས་ཚན་༧༥ ཁ་ཙ་ལས་ ཉོ་བཙོང་བཀག་འཛིན་འབད་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་མཐོང་སྣང་།

དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་གི་ངན་ལྷད་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༠༧ པའི་བསྒུལ་མེད་རྒྱུ་དངོས་ཀྱི་ བཙན་ལེན་དགོངས་དོན་གྱིས་ དབང་ཚད་གནང་མི་དང་འཁྲིལ་ ཁ་ཙ་ སྤྱི་ཟླ་༩ པའི་ཚེས་༥ ལས་ བཀག་འཛིན་གྱི་ གསལ་བསྒྲགས་འབད་ནུག།
གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཁྲིམས་གཏུགས་ཀྱི་བྱ་རིམ་ མཇུག་མ་བསྡུ་ཚུན་ཚོད་དང་ ཡང་ཅིན་ དེ་གི་བཀའ་ཁྱབ་ ཆ་མེད་མ་འགྱོ་ཚུན་ཚོད་ བསྟར་སྤྱོད་འབད་དགོ་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༩ པའི་ཚེས་༤ ལུ་ ལྷན་ཚོགས་ཀྱི་ བརྡ་དོན་ཡོངས་འབྲེལ་འཆར་སྒོའི་ནང་ རྒྱལ་པོའི་ཞིང་ས་ཆའི་ ཞིབ་དཔྱད་སྙན་ཞུ་བཅུད་དོན་སྦེ་ གསལ་བཀོད་འབད་མིའི་ནང་ ས་ཚན་༩༩ བགོ་སྤྲོད་འབད་མིའི་གྲས་ལས་༦༧ འབདཝ་ད་ ས་ཆ་ཨེ་ཀར་༡༤.༡༢ ཁྲིམས་འགལ་གྱི་ཐོག་ལས་ བགོ་སྤྲོད་འབད་ཡོདཔ་མ་ཚད་ ས་གནས་དབང་འཛིན་འགོ་དཔོན་དང་ ཁེ་ཕན་ཐོབ་མི་ ས་ཆའི་ཇོ་བདག་ཚུ་གི་བར་ན་ ཁ་ཚིག་བཟོ་བའི་ གན་རྒྱ་དང་འཁྲིལ་ ལག་ལེན་མ་འཐབ་པའི་ ངོས་འཛིན་བྱུང་ནུག།
ས་ཚན་བསྡོམས་༧༥ ཉོ་བཙོང་བཀག་འཛིན་འབད་མིའི་གྲས་ལས་༦༧ དེ་ ཐོབ་ལམ་མེད་པའི་ སྒེར་མི་སོ་སོ་ལུ་ བགོ་སྤྲོད་འབད་ཡོདཔ་མ་ཚད་༨ ལུ་ ཐོབ་ལམ་གྱི་ ཁྱད་ཚད་ཚང་མི་དང་འཁྲིལ་ ཁྱིམ་ས་སྤྲོད་ཡོད་རུང་ ལོ་ངོ་༡ གི་ དུས་ཚོད་ནང་ ཁྱིམ་མ་རྐྱབ་པར་ ཁྱིམ་ས་སྟོངམ་སྦེ་ བཞག་ནི་དེ་གིས་ཨིན་པས།
རྒྱལ་པོའི་ཞིང་ལས་ ཁྱིམ་ས་ཐོབ་ལམ་མེད་རུང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ ཚུལ་མིན་གྱི་སྒོ་ལས་ བགོ་བཀྲམ་འབད་བའི་ ཁེ་ཕན་ཐོབ་མི་ ཆེ་རིམ་ཅན་ཚུ་གི་གྲས་ལས་ རྒྱལ་ཡུམ་ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་དང་ རྒྱལ་ཡུམ་ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་ དེ་ལས་ རྒྱལ་སྲས་འཇིགས་རྒྱལ་ཨྱོན་དབང་ཕྱུག་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ བློན་པོ་ཡེ་ཤེས་སྦྱིན་པ་ ཡབ་ཨོ་རྒྱན་རྡོ་རྗེ་ཚུ་ཨིནམ་ད་ ས་ཆ་བདག་དབང་གི་ཐོ་ནང་ རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་དང་ སྲསམོ་ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་རྣམ་གཉིས་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ས་ཆ་ཉོ་བཙོང་བཀག་འཛིན་གསལ་བསྒྲགས་ནང་ ས་ཆ་ཨེ་ཀར་༢ རྒྱལ་སྲས་ཀྱི་ མཚན་ཐོ་ཁར་བསྡབས་ཏེ་གཅིག་སྦེ་བཟོ་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུའི་ བཅུད་དོན་དང་འཁྲིལཝ་ད་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ ཁྲིམས་ཀྱི་རིང་ལུགས་དང་ འདྲ་མཉམ་དང་དྲང་བདེན་ དྭངས་གསལ་ དགག་བཤེར་དང་ ཚད་མཉམ་གྱི་ གཞི་རྩ་ཚུ་ལུ་ བརྩི་མཐོང་མ་བསྐྱེད་པས་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ར་ ཁྲོམ་ས་ཚུ་ རང་སོའི་བཟའ་ཟླ་དང་ ཡང་ཅིན་ ཉེ་ཚན་ཚུ་གི་ མིང་ཐོ་ཁར་ མཁོ་སྒྲུབ་འབད་ཡོད་རུང་ ཁྲོམ་སྡེ་གོང་འཕེལ་གྱི་དོན་ལུ་ གཞུང་བཞེས་ནང་ཚུད་མི་ སྒེར་སའི་ཇོ་བདག་ཚུ་གིས་ རྫོང་བདག་རིམ་བྱོན་ཚུ་ལུ་ ཁྲོམ་ས་དགོ་པའི་ ཞུ་བ་ནན་བསྐྱར་འབད་རུང་ ཐོབ་མ་ཚུགས་པས་ཟེར་ ཞིབ་དཔྱད་སྙན་ཞུའི་ནང་བཀོད་ནུག།
སྤྱི་ལོ་༡༩༩༠ གོ་གྲངས་ལུ་ གཞུང་གིས་ ཀུར་རི་ཆུ་གློག་མེ་ལས་འགུལ་དང་ རྒྱལ་པོའི་ཞིང་སློབ་གྲྭའི་དོན་ལུ་ འབྲས་སྤུངས་དང་ དབང་གླིང་ སྔ་ཚང་ ས་གླིང་རྒེད་འོག་ཚུ་ནང་ ཁྱིམ་གུང་༧༡ ལས་ ས་ཆ་ཨེ་ཀར་༨༡.༩༨ མཁོ་སྒྲུབ་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༠༡-༢༠༠༢ ལུ་ ད་ལྟོའི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ མོང་སྒར་རྫོང་བདག་སྦེ་བཞུགསཔ་ད་ མི་ཚུ་ལུ་ ཁྲོམ་ས་བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཁྲོམ་ས་བགོ་བཀྲམ་ཚུལ་ལྡན་མ་འགྱོ་བའི་ རྩོད་རྙོགས་དེ་ཡང་ སྤྱི་ལོ་༢༠༠༩ ཟླཝ་༦ པའི་ནང་ རྒྱལ་པོའི་ཞིང་ལུ་ ཚོང་རྐྱབ་མི་ ཚོང་པ་༣༠ དེ་ཅིག་གིས་ ཁོང་ལུ་ ཁྱིམ་ས་དགོ་པའི་ ཞུ་ཡིག་བཙུགས་རུང་ རྫོང་ཁག་བདག་སྐྱོང་གིས་ བྱིན་མ་བཏུབ་ཟེར་ མོང་སྒར་ལུ་ཡོད་མི་ ཀུན་གསལ་གྱི་ གནས་ཚུལ་བསྡུ་སྐྱེལཔ་ལུ་ ཉོགས་བཤད་བཀོད་པར་ འོང་པའི་ཤུལ་ལས་ ཐོན་ཡོདཔ་ཨིན།
ན་ཧིང་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ རྒྱལ་པོའི་ཞིང་གི་ ས་ཆའི་ཉོགས་འཛིན་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབད་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༡ ཟླཝ་༩ པའི་ཚེས་༢༠ ལུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་ རྒྱལ་པོའི་ཞིང་ལུ་ ལན་ཐེངས་༣ སོང་ཡོདཔ་མ་ཚད་ འབྲེལ་གནད་ཡོད་པའི་ མི་༡༢༡ ལྷགཔ་ཅིག་ལུ་ དྲི་དཔྱད་འབད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་སྙན་ཞུ་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་བཞིན་དུ་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་བལྟ་ནིའི་དོན་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།





1 comment:

  1. ད་རེས་ཀྱི་གནས་ཚུལ་འདི་ཉན་དགོ་མནོ་སི་སི་འདུག དེ་འབདཝ་ཀུན་གསལ་ཕྱིས་ཏེ་བཏོན་མི་འདི་ང་གིས་ཧ་མ་གོ

    ReplyDelete