གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོ་དམ་ཁང་ནང་ལས་ བྲོས་ཟུར་འབད་མི་ དོགས་ཅན་༢ ལོག་འཛིན་བཟུང་འབད་ཡོདཔ།

༧/༩/༢༠༡༢   ༉ ད་རེས་ཁམས་ ཐིམ་ཕུའི་དོ་དམ་ཁང་ནང་ལས་ བྱོག་སོང་མི་ དོགས་ཅན་ཕོ་སྐྱེས་༢ ཁ་ཙ་དྲོ་པ་ ཧཱ་ཁྲིམས་སྲུང་འགག་པ་གིས་  འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཁོང་༢ ས་དམར་རྒེད་འོག་ ལམ་སྦྱིས་སྒང་གཡུས་ཚན་གྱི་ ཁྱིམ་ཅིག་ནང་ ཉལ་སྡོད་ཡོདཔ་ཨིན་པས།


ཧཱ་གི་ཁྲིམས་སྲུང་འགག་པའི་འགོ་འཛིན་ སྤྱི་དཔོན་ཚེ་རིང་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་གཙོ་འཛིན་གྱིས་ དོ་དམ་ཁང་ནང་ལས་ བྲོས་བྱོལ་འབད་མི་ དོགས་པ་ཅན་༢ ཀྱིས་ ཧཱ་བརྒྱུད་དེ་ བསམ་རྩེ་ལུ་ བྱོག་འགྱོ་ནིའི་ ཚོད་དཔག་མཐོངམ་ལས་ འཚོལ་ཞིབ་འབད་དགོ་པའི་ དཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ མི་༣ རེ་འབད་མི་ སྡེ་ཚན་བཟོ་སྟེ་ མི་གྲངས་༡༨ དེ་ཅིག་ རྫོང་ཁག་གི་ ས་གནས་ཁག་ཚུ་ནང་ བཀྲམ་བཏང་ཡི་ཟེར་ཨིན་པས།
སྡེ་ཚན་ཚུ་ཡང་ བ་ལམ་ཟམ་དང་ ལང་ཆུ་ཟམ་ དེ་ལས་ ནོརབུ་སྒང་ས་ཁོངས་ཚུ་ནང་ གཞི་བཙུགས་འབད་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དོགས་པ་ཅན་༢ ས་གནས་ཇེང་ཀ་ནང་ལུ་མཐོང་བའི་ སྙན་ཞུ་ལྷོད་མི་དང་འཁྲིལ་ཏེ་ སྤྱི་ཟླ་༩ པའི་ཚེས་༥ གི་ནུབ་མོར་ ཁྲིམས་སྲུང་འགག་པ་ཚུ་གིས་ ཧཱ་ལས་ ཀི་ལོ་མི་ཊར་༡༡ དེ་ཅིག་ འགྱོ་དགོ་པའི་ས་གནས་ ཇེང་ཀ་ནང་ལུ་ དབྱེ་ཞིབ་འབད་བར་སོང་རུང་ འཚོལ་མ་ཐོབ་ལས་ འཚོལ་ཞིབ་འབད་མིའི་གྱངས་ཁ་ ཡར་སེང་རྐྱབ་སྟེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
སྤྱི་དཔོན་གྱིས་ བཤད་མིའི་ནང་ དོགས་པ་ཅན་༢ འཚོལ་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་༤ ལང་ཆུ་བརྒལ་ཏེ་ སྟོད་གོ་ལ་ལུ་ བཏང་ཡོདཔ་མ་ཚད་ གཞན་མི་ཚུ་ སེ་ལེ་ལ་ལུ་ བཏང་ཡི་ཟེར་ཨིན་པས།
སེ་ལེ་ལའི་རྩ་བར་ ནོར་གྱི་བྱང་ས་ཅིག་ བཟོ་ཡོད་མི་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ཕོ་སྐྱེས་༢ ཁོང་འབད་སར་འོང་ཡོད་རུང་ སྡོད་ས་མེད་ནི་དེ་གིས་ ལོག་ཡར་སོ་ཡི་ཟེར་ སླབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཧཱ་ལས་ དུས་ཡུན་ཆུ་ཚོད་༡ དང་ སྐར་མ་༣༠ དེ་ཅིག་ སྣུམ་འཁོར་ནང་འགྱོ་དགོ་པའི་ སེ་ལེ་ལའི་རྩ་བར་ ལམ་སྦྱིས་སྒང་ལུ་ལྷོདཔ་ད་ དོགས་པ་ཅན་༢ ཁྱིམ་ཕུད་རྡོག་༡ ཡོད་མིའི་ནང་ ཉལ་སྡོད་ནུག་ཟེར་ སྤྱི་དཔོན་ཚེ་རིང་དཔལ་འབྱོར་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་འབད་བ་ཅིན་ ད་རེས་ དོགས་པ་ཅན་༢ ལོག་འཛིན་བཟུང་འབད་ཚུགས་མི་དེ་ཡང་ ཧཱ་གི་ ཁྲིམས་སྲུང་འགག་པ་དང་ གཡུས་མི་ དེ་ལས་ སློབ་ཕྲུག་ཚུ་གིས་ བརྒྱུད་འཕྲིན་བཏང་སྟེ་ རྒྱབ་བསྐྱོར་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ དགའ་ཚོར་གྱི་དོན་ལུ་ དངུལ་རྐྱང་གྱི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ འབད་མི་དེ་ ཧཱ་གི་ ཁྲིམས་སྲུང་འགག་པ་ལུ་ སྤྲོད་ནི་ཨིན་ཟེར་ སླབ་ཨིན་པས།
མིང་གསང་བཞག་མི་ ཁྲིམས་སྲུང་འགག་པ་ཅིག་གིས་ སླབ་མིའི་ནང་ ངག་དབང་རྡོ་རྗེ་དང་ སྤེན་པ་༢ ཀྱིས་ དོ་དོམ་ཁང་ནང་ལས་ཐོནམ་ཅིག་ གླ་འཁོར་ཅིག་ནང་འཛུལ་ཏེ་ སྤ་རོ་ལུ་ སོང་བའི་ཤུལ་ལུ་ གླ་ཆ་སྤྲོད་ནིའི་དོན་ལུ་ ངག་དབང་རྡོ་རྗེ་གི་ ལག་པར་བཏགས་མི་ ཆུ་ཚོད་འཁོར་ལོ་ བཙོང་ཡོདཔ་མ་ཚད་ ལྷག་ལུས་ཏི་རུ་དེ་གིས་ ཁོང་རའི་ རྒྱགས་སྐལ་ཕྱེ་དང་ མཛརཝ་ཚུ་ཉོ་སྟེ་ འབག་སོང་ནུག་ཟེར་ཨིན་པས།
མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་འབད་བ་ཅིན་ བཙོན་ཁང་གི་ བཅའ་ཁྲིམས་དང་འཁྲིལ་ ལོག་འཛིན་བཟུང་འབད་ཚུགས་མི་ དོགས་པ་ཅན་༢ ལུ་ ཉེས་འཛུགས་ཐེབས་ ཕོགཔ་དགོཔ་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ བཀྲིས་གཡང་རྩེ་རྒེད་འོག་ གླི་ཅན་ལས་ སྐྱེས་ལོ་༢༣ འབད་མི་ ངག་དབང་རྡོ་རྗེ་དང་ དབང་འདུས་འཕང་ཡུལ་རྒེད་འོག་ ཆུང་སེ་ཁ་གཡུས་ཚན་ལས་ སྐྱེས་ལོ་༢༡ འབད་མི་དེ་གིས་ དོ་དམ་ཁང་ནང་ལས་ བྱོག་འགྱོ་ནིའི་དོན་ལུ་ གསང་བའི་འཆར་གཞི་ཚུ་ ཚར་ལེ་ཤ་ཅིག་ར་ བརྩམས་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ ཨིན་པས།
དེ་བསྒང་ དོགས་ཅན་༢ ཀྱིས་ དོ་དམ་ཁང་ནང་ལས་ བྲོས་ཟུར་འབད་ནིའི་དོན་ལུ་ དོ་དམ་ཁང་གི་ བཟའ་ཁང་ལྡེ་མིག་སོར་ཡོདཔ་མ་ཚད་ ཁོང་༢ ལུ་ ཏི་རུ་ལེ་ཤ་འབག་ནི་ཡོདཔ་མཐོང་ནུག།
ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ ཁོང་༢ ཀྱིས་ ཧེ་མའི་ ལྡེ་མིག་དང་ ཅོག་འཐདཔ་འབད་མི་ ལྡེ་མིག་ཚུ་ཉོ་སྟེ་ བཟའ་ཁང་གི་ སྒོ་གུ་རྐྱབ་ཡོདཔ་ད་ ལྡེ་མིག་བུ་ཅིག་ དུས་ཚོད་ཁར་ སྒྲིག་རྒྱུགས་མི་ ཁྲིམས་སྲུང་འགག་པ་ལུ་བྱིན་ཞིནམ་ལས་ ལྡེ་མིག་བུ་ཐེབས་དེ་ ཁོང་ར་༢ ཀྱི་ལག་པར་ བཞག་ནུག་ཟེར་ཨིན་པས།
དེ་ལས་ ཁོང་༢ ཀྱིས་ ནུབ་མོ་ བཟའ་ཁང་ནང་འཛུལ་ཏེ་ གྱང་གི་ རྩི་སའི་སྤག་ཅུང་ཚུ་ བཏོན་བཀོག་སྟེ་ ཐོན་འགྱོ་བའི་སྐབས་ ཕྱི་ཁ་ལས་ དོ་དམ་འོག་ལུ་སྡོད་མི་ ཆ་རོགས་ཚུ་གིས་ ལྡེ་མིག་རྐྱབ་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་སྦེ་ གནས་ཚུལ་བཤད་མི་ཅིག་གིས་ སླབ་ཅི།
ཁྲིམས་སྲུང་འགག་པའི་ སྡེ་ཚན་འགོ་དཔོན་གྱིས་ གལ་སྲིད་ དོགས་པ་ཅན་༢ ཀྱིས་ ལྡེ་མིག་སོར་ཡོད་པ་ཅིན་ ལྡེ་མིག་དེ་ ཁོང་དང་འཕྱད་པར་ འོང་མི་ཚུ་གིས་ར་ འབག་འོང་འོངམ་བཟུམ་ཅིག་ འདུག་ཟེར་ཨིནམ་ད་ ཨིན་རུང་ དོ་དོམ་འོག་ལུ་སྡོད་མི་ཚུ་དང་ འཕྱད་པར་འོང་མི་ཚུ་ ཁྲིམས་སྲུང་འགག་པ་གིས་ ཁོང་དང་མ་ཕྱད་ནི་དེ་གིས་ འཚོལ་ཞིབ་འབད་དགོཔ་ལས་ ཁྲིམས་སྲུང་འགག་པའི་ འཐུས་ཤོར་ཅིག་ཨིན་པའི་ གནད་དོན་བྱུང་ཡོདཔ་ཨིན་པས།
ངག་དབང་རྡོ་རྗེ་དང་ སྤེན་པ་༢ ལུ་ ལྡེ་མིག་ཉོ་ནིའི་དོན་ལུ་ ཏི་རུ་ཡོདཔ་སྦེ་ མཐོང་ཡོདཔ་ད་ དོ་དམ་ཁང་གི་ ཁྲིམས་ལུགས་དང་འཁྲིལཝ་ད་ དོ་དམ་འོག་ལུ་སྡོད་མི་ཚུ་གིས་ ཏི་རུ་འབག་མ་ཆོགཔ་སྦེ་ ཡོདཔ་ཨིན་པས།
དོགས་པ་ཅན་༢ ཀྱིས་ སྤྱི་ཟླ་༩ པའི་ཚེས་༢ ཀྱི་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ལུ་ དོ་དམ་ཁང་གི་ བཟའ་ཁང་ནང་ལས་ གྱང་དོང་སྤེད་དེ་ ཐོན་སོང་ཡོདཔ་ད་ ཁོང་༢ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment