གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་གྱི་ ས་སྣུམ་བཀྲམ་སྤེལ་ཁང་ སྤོ་བཤུད་ཀྱི་གྲོས་འཆར།

༥/༩/༢༠༡༢   ༉ མེ་རྐྱེན་གྱི་ འཇིགས་པ་ལས་ བཀག་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་ས་མཚམས་ཀྱི་ སྒོ་ར་ཁའི་ ཉེ་འདབས་ལུ་ཡོད་མི་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་དེ་ ཉེན་སྲུང་ལྡན་པའི་ ས་ཁོངས་ཅིག་ནང་ སྤོ་བཤུད་འབད་དགོ་པའི་ གྲོས་འཆར་བཀོད་ནུག།
རྒྱ་འབྲུག་གི་ས་མཚམས་ཁར་ཡོད་མི་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེ་ཚོགས་འདུ་ཐེངས་༣ པ་འཚོགས་པའི་སྐབས་ ཁྲོམ་སྡེ་འཐུས་མི་ཚུ་གིས་ སྤྱི་ལོ་༢༠༠༩ ལུ་ མེ་རྐྱེན་བྱུང་དོ་བཟུམ་ ད་ལས་ཕར་ཡང་ རྐྱེན་ངན་བྱུང་པ་ཅིན་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཆ་མཉམ་ར་ འཚིགས་ཉེན་ཡོདཔ་ལས་ ས་སྣུམ་བླུག་ཁང་དེ་ངེས་པར་དུ་ སྤོ་བཤུད་འབད་དགོཔ་འདུག་ཟེར་ སླབ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་སྨད་ཀྱི་ འཐུས་མི་ནོར་བུ་དབང་འདུས་ཀྱིས་ སླབ་མིའི་ནང་ ས་སྣུམ་བླུག་ཁང་དེ་ ཁྲོམ་གྱི་སྦུག་ལུ་ཡོདཔ་ལས་ ག་དེམ་ཅིག་སྦེ་ མེ་རྐྱེན་རེ་ཤོར་སོ་པ་ཅིན་ ཁྲོམ་ཧྲིལ་བུ་ འཚིག་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཁྲོམ་སྡེའི་ནང་སྡོད་མི་ཡོངས་ཀྱི་ ཉེན་སྲུང་ལུ་བལྟ་སྟེ་ ཐག་བཏོག་དགོཔ་མ་ཚད་ ས་སྣུམ་བཀྲམ་སྤེལ་ཁང་གི་ས་ཁོངས་སོ་སོ་ཅིག་ནང་ སྤོ་བཤུད་འབད་དགོ་པའི་ མནོ་བསམ་གཏང་དགོཔ་འདུག་ཟེར་ ཁོ་གིས་ ཞུ་ཡོདཔ་ཨིན་པས།
ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་འབད་བ་ཅིན་ གོང་འཕེལ་གྱི་ ལས་སྣ་ག་ཅི་ར་ འགོ་བཙུགས་རུང་ ཁྲོམ་སྡེ་ལུ་ ས་ཆ་མེད་པའི་ དཀའ་ངལ་བྱུང་སྟེ་ཡོད་རུང་ ས་སྣུམ་ཁང་དེ་ མི་མང་གི་ ཉེན་སྲུང་དོན་ལུ་ སྤོ་བཤུད་འབད་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་པ་ ཀེ་ཨེན་ ཆེ་ཏི་རི་གིས་ མར་ཁུ་བླུག་ཁང་དེ་ དེ་འཕྲོ་ལས་ སྤོ་བཤུད་འབད་ནི་གི་ འོས་འབབ་མེད་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤོ་བཤུད་འབད་དགོ་པ་ཅིན་ དོང་བརྐོ་སྟེ་ ས་འོག་གི་ སྣུམ་མཛོད་ཚུ་ག་ར་ བཏོན་ཞིནམ་ལས་ ས་དོང་གསརཔ་ནང་ ལོག་བཙུགས་ནི་དེ་ དཀའ་ངལ་ཅན་ཅིག་འོང་ཟེར་ཨིནམ་ད་ མར་ཁུ་བཀྲམ་སྤེལ་ཁང་གསརཔ་ཅིག་ སྒོ་ཕྱེ་བ་ཅིན་ རྒྱ་གར་གྱི་ མར་ཁུ་ལས་འཛིན་གྱིས་ མ་དངུལ་རྒྱབ་སྐྱོར་བྱིན་ནི་གི་ འོས་འབབ་ཡོད་རུང་ ས་ཁོངས་གཞན་ཅིག་ནང་ སྤོ་བཤུད་འབད་བའི་བསྒང་ལས་ ཟད་འགྲོ་ག་ར་ ང་བཅས་ཀྱིས་ གཏང་དགོཔ་ལས་ ཟད་འགྲོ་ལྕི་དྲགས་འགྱོ་འོང་ཟེར་ ཀེ་ཨེན་ ཆེ་ཏི་རི་གིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ཚོང་འབྲེལ་འགོ་དཔོན་ལས་རོགས་ ཚེ་རིང་གིས་ སླབ་མིའི་ནང་ རྒྱ་འབྲུག་གི་ ས་མཚམས་སྦོ་ལོགས་ཁར་ཡོད་མི་ ད་ལྟོའི་ ས་སྣུམ་བཀྲམ་སྤེལ་ཁང་དེ་ འབྲུག་གི་སྣུམ་འཁོར་རྐྱངམ་གཅིག་གིས་མ་དོ་བར་ རྒྱ་གར་གྱི་ སྣུམ་འཁོར་ཚུ་ཡང་ མར་ཁུ་བླུག་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ གལ་སྲིད་ སྤོ་བཤུད་འབད་བ་ཅིན་ བྱ་སྟབས་མ་བདེཝ་འབྱུང་འོང་ཟེར་ཨིན་པས།
དེ་འབདཝ་ད་ ཁྲོམ་སྡེ་སྟོད་ཀྱི་འཐུས་མི་ ཨྱོན་རྡོ་རྗེ་གིས་ བསམ་འཆར་བཀོད་མིའི་ནང་ ད་ལྟོ་ཡོད་མི་ ས་སྣུམ་ཁང་དེ་ སྤོ་བཤུད་མ་འབད་བར་ སྔར་ག་ཨིནམ་སྦེ་ར་བཞག་སྟེ་ བདེ་བ་ཐང་ལུ་ ས་སྣུམ་བཀྲམ་སྤེལ་ཁང་གསརཔ་ཅིག་ རྐྱབ་པ་ཅིན་ ཉེ་འདབས་ལུ་ སྡོད་མི་དང་ བང་ཊར་ དེ་ལས་ ངང་ལམ་དང་བདེ་བ་ཐང་གི་གཞུང་ལམ་དང་ ཌའི་ཕམ་དང་བསམ་རང་གི་ གཞུང་ལམ་སེལ་ཚརཝ་ད་ མི་ཚུ་ རང་སོའི་སྣུམ་འཁོར་ནང་ མར་ཁུ་བླུག་པར་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་མི་དགོ་ཟེར་ཨིན་པས།
ད་རེས་ནངས་པ་ བསམ་གྲུབ་ལྗོངས་མཁར་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ལས་ མར་ཁུ་བླུགས་མི་ ཐོ་བཀོད་ཅན་གྱི་ སྣུམ་འཁོར་༣,༩༢༡ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment