གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་སྒྲིགས་ཁྲིམས་དང་ སྲིད་བྱུས་ལམ་སྟོན་བསྒྱུར་བཅོས་ འབད་མི་ལུ་ ཆ་མཉམ་གྱིས་ མཉམ་འབྲེལ་མཛད་གནང་དགོཔ།

༨/༩/༢༠༡༢   ༉ ང་བཅས་རའི་ འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་འདི་ དུས་དང་ཕུ་ མི་ལོ་སྟོང་ཕྲག་གི་གོང་ལས་ར་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཞབས་ཀྱིས་བཅགས་ཏེ་ སྦས་གནས་ཁྱད་པར་ཅན་ཅིག་ལུ་ བྱིན་གྱིས་བརླབས་གནངམ་མ་ཚད་ བོད་གངས་ཅན་གྱི་ལྗོངས་ལས་ཡང་ བླམ་ཞབས་དྲུང་རིན་པོ་ཆེ་དང་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ལ་སོགས་པ་ སྐྱེས་བུ་དམ་པ་མང་རབས་ཅིག་བྱོན་ཏེ་ འཛམ་གླིང་རྒྱལ་ཁབ་གཞན་ ག་དང་ཡང་མ་འདྲ་བའི་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ ཆོས་དང་རིག་གཞུང་ ལམ་ལུགས་སྲོལ་ སྒྲིག་ལམ་རྣམ་གཞག་ སྐད་ཡིག་ དེ་ལས་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་ བརྩི་མཐོང་འབད་ནི་ཚུ་ རིམ་པ་བཞིན་དུ་ དར་ཁྱབ་བྱུང་ནུག།


ང་བཅས་རའི་ རྒྱལ་ཁབ་འདི་ ད་རེས་ སོར་བསྒྱུར་གྱི་ དུས་སྐལ་གསར་པའི་ནང་ ཞུགསཔ་དང་ཅིག་ཁར་ སྔོན་བྱོན་རྒྱལ་བ་གོངམ་དང་ ཕ་མས་བཟང་པོ་ཚུ་གིས་དཀའཝ་སྤྱད་དེ་བསྒྲུབས་བཞག་མི་དེ་ ང་བཅས་ར་ མ་འོངས་བུ་བརྒྱུད་ཡོངས་ལུ་ གསོལ་རས་དང་འདྲཝ་ཅིག་སྦེ་གནང་བའི་ རང་དབང་རང་བཙན་གྱི་རྒྱལ་ཁབ་ ཕ་སྡོད་སར་ བུ་སྡོད་ནི་ཡོད་མི་འདི་ སྔར་བ་ལྷགཔ་སྦེ་བདག་འཛིན་འཐབ་ནིའི་ འགན་ཁུར་ཧྲིལ་བུམ་ ང་བཅས་ར་ མི་སེར་ཆ་མཉམ་ལུ་ཕོག་པའི་ འགན་ཁུར་ཅིག་ཨིནམ་མ་ཚད་ ལྷག་པར་དུ་ཡང་ད་རེས་ནངས་པའི་ ན་གཞོན་བུཚ་དང་ བུམོ་ཚུ་ལུ་ ཕོག་ཡོད་པའི་གནད་ཁུངས་ལུ་བརྟེན་གཞུང་ཞབས་ལས་ཡང་ ན་གཞོན་ཚུ་ གལ་གནད་ཅན་ཅིག་སྦེ་ བརྩི་འཇོག་གནང་དང་ གནང་བཞིན་དུ་ཡོདཔ་ཨིན།
འདི་འབདཝ་ལས་ ན་གཞོན་བུཚ་དང་ བུམོ་ཚུ་གིས་ འགན་ཁུར་ག་དེ་སྦེ་ར་ འབག་དགོཔ་ཨིན་ན་ དུས་ནམ་ར་འབད་རུང་ སེམས་ཁར་བཞག་ཐབས་ལུ་    མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་རྣམ་གཉིས་ཀྱིས་ རྒྱལ་ཁབ་ཀྱི་ས་གནས་ མཐའ་དབུས་མེད་པར་ ཆིབས་བསྐྱོད་གནང་རུང་ སློབ་ཕྲུག་ཚུ་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ ཡར་ཅིག་བཀལ་རུང་ མར་ཅིག་བཀལ་རུང་ ད་རེས་ནངས་པའི་ ན་གཞོན་ཚུ་གི་ལག་པར་ཨིན་ཟེར་ བཀའ་སློབ་བཟང་པོ་ ཡང་ལས་ཡང་དུ་ གནང་དང་གནང་བཞིན་དུ་ཡོདཔ་ཨིན།
དེ་འབདཝ་ད་ གསེར་ཁྲི་རྩ་བ་ལས་ ང་བཅས་རའི་ རྒྱལ་ཁབ་ནང་ འཕྲལ་དང་ཕུགས་ལུ་ མཁོ་གལ་ཆེཝ་སྦེ་ བརྩི་འཇོག་གནང་མི་ན་གཞོན་ཚུ་ལུ་ ད་རེས་ནངས་པ་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ འཕོ་འགྱུར་སྦོམ་འགྱོ་བའི་ནམ་དུས་ལུ་    མི་སྡེ་དང་ དཔལ་འབྱོར་གྱི་གནས་ཚད་ ཡར་བསྐྱེད་འགྱོཝ་དང་ཅིག་ཁར་ མི་སྡེའི་བསམ་སྤྱོད་ཚུ་ཡང་ ལེགས་ཉེས་ཟུང་འབྲེལ་ཐོག་ གྱུར་དོ་ཡོདཔ་ལས་ མིའི་བྱ་སྤྱོད་སྣ་ཚོགས་ལས་བརྟེན་རྒྱལ་ཁབ་ནང་ དུས་མིན་གྱི་ཆ་རྐྱེན་དང་ གནོད་རྐྱེན་སྣ་ཚོགས་ དཔེར་ན་    སྨྱོ་རྫས་སྤྱོད་དེ་ རང་སྲོག་བཅད་མི་དང་ དབང་བཙོང་འདོད་སྤྱོད་ དེ་ལས་ ལྷག་པར་དུ་ཡང་ ད་རེས་ནངས་པ་ འཕྲལ་འཕྲལ་སྐབས་ར་ ཁྲིམས་མཐུན་མེད་པའི་ ན་གཞོན་སྡེ་ཚན་བཟོ་སྟེ་ ཁྲོམ་ཁ་ལས་ཕར་ སྤྱང་བཤལ་རྐྱབ་སྡོད་པའི་ཤུལ་ལུ་ འཐབ་འཛིང་འབད་དེ་ གཅིག་གིས་གཅིག་ལུ་ གྱི་གསོབ་བྱིན་ནི་ལ་སོགས་པའི་ བྱ་སྤྱོད་ངན་པ་ མང་རབས་ཅིག་བྱུང་མི་འདི་ ང་བཅས་ར་ གཞུང་དང་ མི་སྡེ་ཆ་མཉམ་ལུ་ ཚ་གྱང་གི་གཞི་གནད་ཅིག་ལུ་ གྱུར་ཏེ་ཡོད།
དེ་བཟུམ་མའི་ སྟབས་ངན་ཚུ་ཡང་ དངམ་ཅིག་ ཕམ་ཚུ་གི་ཁ་ཐུག་ལས་ རང་ལུ་ བུ་གཞི་ཚུ་ཡོད་དེ་འབད་རུང་    གཞན་གྱི་རྨགཔ་དང་ གནས་ཚང་ཨར་རྐུན་དང་ བཀྲ་མ་ཤིསཔ་འབད་མི། ཚད་མེད་པའི་ཆང་འཐུང་སྟེ་ བཟའ་ཚང་ནང་ འཐབ་འཛིང་རྒྱུན་ཆད་མེདཔ་འབད་བའི་ཁར་    ཉིན་མཚན་མེད་པར་ ཤོ་དང་ཏ་ཟོ་རྩེ་སྡོད་ཐོག་ལས་ བཟའ་ཟླ་ཡ་བྲལ་སོང་མི་ལུ་བརྟེན་ ཨ་ལུ་ཚུ་གི་སེམས་ཁམས་ལུ་གནོད་དེ་ བསམ་སྤྱོད་ཚུ་ གྱུར་དོ་ཡོདཔ་ལས་ སྟབས་ངན་གྱི་ རྒྱུ་རྐྱེན་ངོ་མ་དེ་ ཕམ་ཚུ་ལུ་ ཐུགཔ་ཨིན་མས།
དེ་འབདཝ་ལས་བརྟེན་ དཔྱེ་གཏམ་ལས་ཡང་ ཕ་བཟང་གི་བུ། གྱི་བཟང་གི་ཤུབས།ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ རང་སོའི་ཨ་ལུ་ཚུ་གི་ མ་འོངས་པའི་ མཐའ་དོན་ལུ་མནོ་བསམ་གཏང་སྟེ་ ད་ལྟོ་ལས་ར་ ཡ་རབས་བཟང་པོའི་ ལམ་ལུ་བཙུག་ནི་དང་ མ་རབས་སྤྱོད་ངན་གྱི་ ལམ་ཁར་བཙུག་ནིའི་ཐད་ཁར་ སྣ་ཐག་གི་སྣེ་འདི་ ཕམ་ཚུ་གི་ལག་པར་ཡོདཔ་ལས་ ན་གཞོན་ཚུའི་ མ་འོངས་པའི་ མི་ཚེའི་གནས་སྟངས་ལེགས་ཉེས་འདི་ ཕམ་ལུ་རག་ལསཔ་ཨིན།
ང་བཅས་ར་ ཕམ་ཚུ་ལུ་ སྔོན་གོང་ལས་ར་ ཤུལ་ལས་བློ་འགྱོད་བསྐྱེད་དགོཔ་དང་ འཕྲོ་བརླག་གི་ རྐྱེན་ངན་མི་འབྱུང་ནིའི་ ཐབས་ཤེས་ལུ་ བྱམས་བརྩེའི་ངག་འཇམ་གྱི་སྒོ་ལས་ ཁ་བཀོད་དང་ བདག་སྐྱོང་ལེགས་ཤོམ་འཐབ་ཐོག་ལས་ ཨ་ལུ་ཚུ་ ཐང་མ་བཏང་པར་ ཕམ་མ་དངུལ་ཡོད་མི་ཚུ་གིས་འབད་རུང་ རང་སོའི་ ཨ་ལུ་ཚུ་ལུ་ ཚད་ལྡན་གྱི་མ་དངུལ་བྱིན་ ཆ་རོགས་ངན་པ་དང་ ཁ་བསྡོམ་ནི་ལུ་ འཇམ་རྩུབ་ཀྱི་བཀག་ཆ་འབད་ ནུབ་མོའི་ལས་རིམ་ཚུ་ནང་ འགྱོ་ནི་ལས་ ཐབས་ཤེས་ཀྱིས་བཀག་  ངལ་གསོ་ཚུ་གི་སྐབས་ལུ་ ཁྲོམ་སྡེ་ཚུ་ནང་ ལྟ་སྐོར་ལུ་གཏང་ནི་དང་ དོན་མེད་ཀྱི་ བཤལ་འཁྱམས་འབད་བར་ མ་དངུལ་བྱིན་ཏེ་ གཏང་ནི་ཚུ་ མར་ཕབ་འབད་དེ་ རང་གི་ཨ་ལུ་ རང་གིས་མཐའ་སྐྱོང་དང་ བཀག་ཆ་འབད་ནིའི་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་འབད་བ་ཅིན་ སྨྱོ་རྫས་ལག་ལེན་གྱི་ བྱ་བ་ཚུ་ཡང་   རང་བཞིན་གྱིས་ མར་འབབ་སོང་སྟེ་ ང་བཅས་རའི་ འཕྲལ་ཕུགས་གཉིས་ལུ་ ཁག་ཆེ་བའི་ན་གཞོན་ གལ་ཅན་གྱི་མི་ཚེ་ཡང་ མེདཔ་ཐལ་ནི་ལས་ བཀག་ཚུགས་འོང་ཟེར་ཞུ་ནི།
གཉིས་པ་ ང་བཅས་རའི་ དཔྱེ་གཏམ་ལས་ཡང་རང་ལེགས་པ་མི་གཙོ། ཆ་རོགས་ལེགས་དགོ།    གྲོགས་བཙག་དང་ཕྱདན་དམར། གྲོགས་རམ་དང་ཕྱདན་སྔོ། གྲོགས་ངན་པ་རྫམ་མའི་རྐུབ་དང་འདྲ། ཟེར་དོ་བཟུམ་སྦེ་ ན་གཞོན་ག་ར་འབད་རུང་ རང་ག་དེམ་ཅིག་ར་ ལེགས་ཤོམ་ཡོད་དེ་རང་འབད་རུང་    ཆ་རོགས་ངན་པ་ཚུ་དང་གཅིག་ཁར་ ཁ་བསྡོམ་པའི་བསྒང་ལས་ ལཱ་ངན་པ་འབད་ནིའི་ མནོ་བསམ་མེད་བཞིན་དུ་ ཆ་རོགས་ངན་པ་ཚུ་དང་ མཐུན་ལམ་ཡོདཔ་ལས་བརྟེན་ ཆ་རོགས་ངན་པའི་ ངོ་བསྲུང་ལུ་བལྟ་སྟེ་ ན་གཞོན་རིག་རྩལ་དང་ ཤེས་ཡོན་ཁྱད་རིག་ཚུ་གི་ རྒྱན་ཆ་བཟང་པོ་དང་ལྡན་མི་ཚུ་ སེམས་ཀྱིས་ ལུས་བཟུང་མ་ཚུགས་པའི་ཁར་ བཟང་ངན་གྱི་ དབྱེ་དཔྱད་འབད་ནི་མེདཔ་    གཞན་བསྐུལ་ལུ་ ཉན་འདོད་ཆེད་མངགས་ཀྱིས་ འབྲེལ་གནད་མེདཔ་བཞིན་དུ་ གནོད་རྐྱེན་རྒུད་པ་འབྱུང་ནིའི་ གཞི་ལུ་ཡང་འགྱུར་དོ་ཡོདཔ་ལས་ ང་བཅས་རའི་ ན་གཞོན་ཚུ་ག་ར་འབད་རུང་    དུས་ནམ་རང་ཨིན་རུང་ དྲན་པ་དང་ ཤེས་བཞིན་གྱི་ཐོག་ལུ་ ཆ་རོགས་ངན་པ་དང་མཉམ་གཅིག་ བསྡོམ་ནི་ལས་ ག་དེ་དྲག་དྲག་ འཛེམ་ཞིནམ་ལས་ དུས་ནམ་ར་ཨིན་རུང་ རང་གིས་རང་ལུ་ སྒྲིགས་ཡོདཔ་སྦེ་ སྡོད་དགོཔ་འདི་ ག་ནི་བ་ཡང་ཁག་ཆེ།
སྒྲིག་ལམ་འདི་ མི་སྤྱིར་བཏང་ལུ་དང་    ལྷག་པར་དུ་ཡང་ ཡོན་ཏན་སྦྱང་མི་ སློབ་ཕྲུག་ན་གཞོན་ཚུ་ལུ་ མེད་ཐབས་མེདཔ་ཅིག་ཨིན།    དེ་ཡང་ འབྲུག་མི་རེ་རེ་བཞིན་གྱི་ ནང་གི་བསམ་པ་དང་ ཕྱིའི་སྤྱོད་པའི་རང་བཞིན་འདི་ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཀྱི་ མཐའ་དོན་འགྲུབ་ཚུགས་ནི་དང་    སངས་རྒྱས་བསྟན་པའི་རྩ་བ་དང་ སྔར་སྲོལ་ལམ་ལུགས་བཟང་པོའི་ སྲོག་ཤིང་དང་ ལེགས་པའི་ཡོན་ཏན་ག་ར་གི་ གཞི་རྟེན་ཡང་ སྒྲིག་ལམ་འདི་གིས་ བཟུང་ཚུགསཔ་ཨིན།
ང་བཅས་ར་ མི་འདི་ག་བཟུམ་ཅིག་ཨིན་ན? རང་ལུ་ འབད་བཞག་བཅའ་བཞག་ ལེགས་ཤོམ་ཡོད་པ་ཅིན་    ག་ར་གིས་ མི་ཡ་རབས་ཀྱི་གྲངས་སུ་བརྩི་ནི་དང་ སྒྲིག་ལམ་མ་ཤེས་པ་ཅིན།    དཔྱེ་གཏམ་ལས་ ཕམ་ཞན་པའི་བུ་གཞི། སློབ་དཔོན་ཞན་པའི་སློབ་ཕྲུག།ཟེར་     མི་སྐྱོ་ཤོས་ཅིག་གི་གྱལ་ཁར་བརྩིཝ་ཨིན།   
གཞི་ སྒྲིགས་ཟེར་མི་འདི་ མི་གཞན་གྱི་གདོང་ཁར་ རྐྱངམ་གཅིག་མེན་པར་ རང་གཅིག་སྦེ་ སྡོད་པའི་སྐབས་ལུ་ ག་གིས་ཡང་མི་མཐོང་ ང་ར་གཅིག་ལས་བརྒལ་མེད་ཟེར་བའི་ མནོ་བསམ་སྤངས་ཏེ་ རང་རྐྱང་དང་ མི་དམངས་ཀྱི་སྦུག་ ག་ཏེ་སྡོད་རུང་ སྒྲིགས་གཅིག་འབད་ བདག་འཛིན་འཐབ་དགོཔ་འདི་ཁག་ཆེ།
སྤྱོད་ལམ་བཟང་པོ་འདི་ རོགས་གཞན་གྱི་གདོང་ཁར་ མཛེས་ཏོག་ཏོ་ཅིག་ འབད་ཚུགས་པ་ཅིན་ ཕྱི་རོགས་ཀྱིས་བལྟ་རུང་ བྱ་ཆི་ཆི་དང་ ནང་རང་གིས་དཔྱད་རུང་། སྤྱིན་ཀྲག་ཀྲ་འོང་ནི་ཨིན་པ་གིས་མ་ཚད་ བསོད་ནམས་གསག་ནི་གི་རྒྱུ་ཡང་ཨིན། དེ་འབདཝ་ལས་ ན་གཞོན་ཚུ་གིས་ རང་གི་སྒྲིགས་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ གོམས་འདྲིས་འབད་དེ་ རང་གི་སྒྲིགས་ རང་ལུ་ཡོདཔ་འབད་ སྡོད་ཤེསཔ་འབད་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན།
རང་སྒྲིགས་རང་ལུ་ཡོདཔ་སྦེ་ སྡོད་ཤེསཔ་འབད་དགོ་པ་ཅིན་ གཙོ་བོ་ རང་གི་སེམས་འདི་ བདག་འཛིན་འཐབ་དགོཔ་ཁག་ཆེ་མི་དེ་ཡང་ སེམས་འདི་ མིག་གིས་མཐོང་ནི་མེདཔ་ཅིག་ཨིན་རུང་ རང་གི་ལུས་དང་ ངག་ཡང་ གཡོག་བཀོལ་ཚུགས་མི་ཅིག་ཨིན་པའི་སེམས་འདི་ བདག་འཛིན་མ་འབད་བ་ཅིན་ ཡར་ཅིག་བཀལ་རུང་ མར་ཅིག་བཀལ་རུང་ སེམས་འདི་གིས་ བཀལཝ་ཨིན། དཔེར་ན་ རང་ལུ་རྒྱུ་ནོར་ལོངས་སྤྱོད་ རི་བཟུམ་དང་ བྱད་ངོ་རིས་ ལྷའི་སྲས་དང་སྲསམོ་བཟུམ་སྦེ་ཡོད་རུང་ སེམས་བདག་འཛིན་མ་འཐབ་པ་ཅིན་ རྒྱུ་ནོར་ལོངས་སྤྱོད་ཚུ་ཡང་ དུས་ཡུན་ཐུང་ཀུ་ཅིག་ནང་ ཆུད་ཟོས་འགྱོ་ ག་ཅི་དེ་ ལེགས་པའི་ངོ་རིས་ཡང་ བྱ་བ་ངན་པའི་དབང་ལུ་ ཐལ་ཞིནམ་ལས་ ག་གིས་ཡང་ ཆ་བཞག་དང་ ཡིད་ཆེས་མ་བསྐྱེད་པར་ ཇོ་བདག་མེད་མི་ རོ་ཁྱི་བཟུམ་ བདག་འཛིན་འཐབ་མི་ ག་ཡང་མེད་པར་ སྡོད་དགོཔ་འབྱུངམ་ཨིན།
སེམས་བདག་འཛིན་འབད་བ་ཅིན་ འཇིག་རྟེན་པའི་ དཔྱེ་གཏམ་ལུ་ཡང་ ཕྱི་བལྟ་བའི་ངོ་རིས་མེད་རུང་ ནང་སེམས་ཀྱི་ཀྲབ་ལ་མཁས་ཤོས་ཨིན།ཟེར་དོ་བཟུམ་སྦེ་ རང་ལུ་རྒྱུ་ནོར་ལོངས་སྤྱོད་དང་ ཏོག་གོ་ས་ བྱེད་ངོ་རིས་ཚུ་ ག་ཅི་ཡང་མེད་རུང་ རང་གི་སེམས་བདག་འཛིན་འཐབ་སྟེ་ བློ་ཅིག་སླབ་རུང་ ཁུངས་ཡོདཔ་ད་ ལཱ་ཅིག་འབད་རུང་ ཤུལ་ཡོདཔ་འབད་བ་ཅིན། སྤང་གི་སྦུག་ལས་ མེ་ཏོག་ཤར་དོ་བཟུམ་ ཧེ་མ་ ག་ཅི་ཡང་མེད་རུང་ བསོད་ནམས་ཀྱིས་སྦེ་ རྒྱུ་ནོར་ལོངས་སྤྱོད་དང་ལྡན་ འབྲི་ལྷག་གི་ཡོན་ཏན་ལུ་མ་མཁས་རུང་ ག་གིས་ཡང་ ཆ་བཞག་ནི་དང་ ཡིད་ཆེས་བསྐྱེད་དེ་ ཀུན་དང་མཐུན་ཏོག་ཏོ་ལུ་གྱུར་ཏེ་ མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་ སྐྱོང་ཚུགསཔ་ཨིན།
དཔྱེ་གཏམ་ལས། ལུས་ནི་སེམས་ཀྱི་གཡོག་པོ་ཨིན། ཟེར་དོ་བཟུམ་ སེམས་ཀྱིས་ ག་མནོ་མི་འདི་ ལུས་དེ་གིས་འབདཝ་ལས་ ང་བཅས་རའི་ མི་ཚེའི་གནས་སྟངས་ ལེགས་ཉེས་ག་ཅི་བཟུམ་འབྱུང་རུང་ སེམས་འདི་ལུ་བརྟེན་དགོཔ་ལས་ ཡ་རབས་བཟང་པོ་ཅིག་ལུ་ འགྱོ་དགོ་པ་ཅིན་ གཙོ་བོ་ར་ རང་གི་སེམས་འདི་ བདག་འཛིན་འཐབ་དགོཔ་ ག་ནི་བ་ཡང་གལ་ཆེ།
གསུམ་པ་ ང་བཅས་རའི་ ན་གཞོན་ཚུ་གི་མི་ཚེ་གལ་ཅན་ འཕྲོ་བརླག་བཏང་མིའི་ རྒྱུ་རྐྱེན་ངོ་མ་ར་ སྨྱོ་རྫས་ཀྱི་རིགས་ཚུ་ གཞུང་གི་ཁ་ཐུག་ལས་ ག་དེམ་ཅིག་ བཀག་འཛིན་དམ་དམ་འབད་རུང་དེ་ཚུ་ སྤྲོད་ལེན་གྱི་ རྒྱུ་རྐྱེན་འཛོམས་པ་ལུ་བརྟེན་ཏེ་ སྤྱོད་ངན་འབད་མི་ཚུ་ བྱུང་དོ་ཡོདཔ་ལས་ ང་བཅས་ར་ འབྲུག་གི་ཚོང་པ་ཚུ་གིས་ཡང་ ཚོང་གི་ཁེ་སང་ལུ་དམིགས་ཏེ་ ན་གཞོན་ཚུ་ལུ་ སྨྱོ་ཆང་བཙོང་མི་རེ་ཡོད་མི་ཚུ་གིས་ཡང་ སྨྱོ་ཆང་གི་རིགས་ཚུ་ རྩ་ལས་ར་ བཙོང་ནི་མེདཔ་ཅིག་ མཛད་གནང་ཟེར་ ཞུ་དགོ་མི་དེ་ཡང་ ང་བཅས་རའི་ ན་གཞོན་ཚུ་ ཆང་འཐུང་མི་ལུ་བརྟེན་ ལྕོགས་གྲུབ་ཅན་གྱི་ མི་ཅིག་ལུ་འགྱུར་མ་ཚུགས་པའི་ཧེ་མར་ མེདཔ་ཐལ་དོ་ཡོདཔ་མ་ཚད་ ཚེ་ཚད་ཡང་ ཐུང་ཀུ་བཟོ་སྟེ་ ཆང་གིས་ རང་གི་གཟུགས་ཁམས་དང་འཕྲོད་བསྟེན་ དེ་ལས་ མི་སྡེ་གཉིས་ཆ་ར་ལུ་ གནོདཔ་ལས་བརྟེན་ཏེ་ ཨིན་ཟེར་ཞུ་ནི།

འཕྲོ་མཐུད་སྤྱི་ཚེས་༡༥/༩/༢༠༡༢ ལུ་གཟིགས་གནང་།
 
བྲང་ལཔ་རིན་ཆེན་རྡོ་རྗེ་(རྫོང་སློབ་)
ཁ་ས་གྲབ་ཅུ་འབྲིང་རིམ་སློབ་གྲྭ་བར་མ།
ཐིམ་ཕུ་རྫོང་ཁག།

No comments:

Post a Comment