གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཇུག་གི་ཚོགས་ཐེངས་ བྱ་སྟབས་མ་བདེ་བའི་གནས་སྟངས་ཐུག་ནི།

༨/༩/༢༠༡༢   ༉  རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་གྱིས་ འབྲུག་གི་སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་དེ་ སང་ཕོད་ སྤྱི་ཟླ་༣ པའི་ནང་ འཚོགས་ནི་གི་དོན་ལུ་ གྲོས་འདེབས་ཕུལ་ནིའི་ འཆར་གཞི་ཡོདཔ་ཨིན་པས།


དེ་ཡང་ གཙོ་བོ་ར་ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཉིནམ་བརྩི་སྲུང་དང་འབྲེལ་ མཇུག་གི་ཚོགས་ཐེངས་དེ་ཡང་ མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ གུས་གཏུད་ཞུཝ་དང་གཅིག་ཁར་ མཇུག་བསྡུ་ནི་གི་ འཆར་གཞི་ཨིན་ཟེར་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ བཤདཔ་ཨིན་པས།
འདས་པའི་དྲི་ལན་སྐབས་ ཚོགས་དཔོན་གྱིས་ འབྲུག་གི་སྤྱི་ཚོགས་དང་པའི་ མཇུག་གི་ཚོགས་ཐེངས་དེ་ སང་ཕོད་ སྤྱི་ཟླ་༣ པའི་ཚེས་༢༠ ལས་འགོ་བཙུགས་ཏེ་ སྤྱི་ཟླ་༤ པའི་ཚེས་༡༡ ཚུན་ འཚོགས་ཞིནམ་ལས་ ལྷག་ལུས་ལཱ་འབད་དགོཔ་ཚུ་ སྤྱི་ཟླ་༤ པའི་ཟླ་མཇུག་ལུ་ སྤྱི་ཚོགས་ཀྱི་གནས་ཡུན་ རྩ་གྲོལ་མ་འབད་བའི་ཧེ་མར་ ཚོགས་རིམ་མཇུག་བསྡུ་ཞིནམ་ལས་ ཉིནམ་༡༥ དེ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཚུགསཔ་ འབད་ནི་ཨིན་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ ཚོགས་སྡེའི་བཙག་འཐུ་སྐབས་ དགོངསམ་ཞུ་དགོཔ་ཨིན་ན་དང་ ཡང་ཅན་དགོངསམ་མ་ཞུ་བར་ བཅའ་མར་གཏོགས་ཆོགཔ་ཨིན་ནའི་སྐོར་ལས་ ཁ་གསལ་མེད་པའི་ཁར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ཚུ་ཡང་ སང་ཕོད་ སྤྱི་ཟླ་༡ པ་ལས་ འགོ་བཙུགས་ནི་གི་ འོས་འབབ་ཡོདཔ་ལས་ མཇུག་གི་ཚོགས་རིམ་ནང་ དཔྱད་ཡིག་ཚུ་ ག་དེ་སྦེ་ ཆ་འཇོག་མཛད་ནི་ཨིན་ནའི་ དོགས་པ་འཆརཝ་མས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ སྙན་ཞུ་ཅིག་ནང་ བཀོད་མི་དང་འཁྲིལཝ་ད་ གཏན་འཁེལ་སླབ་མ་ཚུགས་རུང་ ཚོགས་སྡེའི་འཐུས་མི་ མང་ཤོས་ཅིག་གིས་ ད་རུང་ ཤུལ་མའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་ འོས་འབབ་འདུག་ཟེར་ཨིན་པས།
སང་ཕོད་ སྤྱི་ཟླ་༣ པའི་ནང་ ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་སྟེ་འབད་བ་ཅིན་ ཚོགས་སྡེའི་འཐུས་མི་ཚུ་གིས་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་མི་ ལེ་ཤ་འཐོན་སྲིདཔ་ལས་ ཚོགས་སྡེ་ནང་ འཐུས་མི་ཉུང་ཤོས་༡༧ དགོ་པའི་ རྩ་དོན་དེ་ མི་གྲུབ་ནིའི་ཉེན་ཁ་ཡོདཔ་ད་ ཚོགས་སྡེའི་གྲོས་ཆོད་ཆ་གནས་ཀྱི་དོན་ལུ་ འཐུས་མི་ཉུང་ཤོས་༡༧ དགོཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་འཐོན་པ་ཅིན་ མཇུག་གི་ཚོགས་རིམ་ནང་ དཔྱད་ཡིག་དང་འབྲེལ་བའི་ གྲོས་བསྡུར་གྱི་གསུང་གྲོས་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཡན་ལག་མ་ཚང་བའི་རྐྱེན་གྱིས་ གསུང་གྲོས་གནང་དགོ་མ་བདེ་བའི་ གནས་སྟངས་ལུ་བརྟེན་ དཔྱད་ཡིག་གི་ གསུང་གྲོས་གནང་དགོཔ་ཡོད་མི་ཚུ་ ལུས་ནིའི་ཉེན་ཁ་ཡོདཔ་ཨིན་པས།
སྤྱི་ཚོགས་དང་པའི་ ཚོགས་ཐེངས་༩ པ་འཚོགས་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་གནང་ཚར་ཏེ་ ཚོགས་སྡེ་ལུ་བཏང་ཡོད་མི་ ནང་འཁོད་རྩུབ་སྤྱོད་བཀག་འཛིན་གྱི་དཔྱད་ཡིག་དང་ ལམ་གྱི་དཔྱད་ཡིག་ཚུ་ གསུང་གྲོས་གནང་དགོཔ་ཡོདཔ་ད་ འཐུས་མི་ཉུང་ཤོས་༡༧ དགོ་པའི་ཁྱད་ཚད་དེ་ ཚང་མ་ཚུགས་པ་ཅིན་ དཔྱད་ཡིག་དེ་ཚུའི་ གསུང་གྲོས་གནང་མི་ཚུགས་ནི་ཨིན་པས།
དེ་མ་ཚད་ ཚོགས་སྡེའི་ནང་ འཐུས་མི་ཉུང་ཤོས་༡༧ དགོ་པའི་ ཁྱད་ཚད་མ་གྲུབ་པ་ཅིན་ གལ་ཅན་གྱི་དཔྱད་ཡིག་ཚུ་ མཇུག་གི་ཚོགས་ཐེངས་ནང་ གསུང་གྲོས་གནང་དགོཔ་ཐོན་མི་ཚུ་ཡང་ ལུས་ནི་ཨིན་པས།
ཨིན་རུང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་དང་འཁྲིལ་བ་ཅིན་ ཚོགས་ཁང་གང་རུང་གིས་ དཔྱད་ཡིག་ཚུ་ ཆ་འཇོག་མ་འབད་བའི་ཁར་ ཡང་ཅིན་ སླར་ལོག་ ཚོགས་ཁང་ག་ཏེ་ལས་འོང་ས་ལུ་ མ་གཏང་པ་ཅིན་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་སྦེ་ བརྩི་འཇོག་འབད་དགོཔ་ལས་ ཉིནམ་གྲངས་༢༥ འི་ནང་འཁོད་ལུ་ དཔྱད་ཡིག་ངོ་སྤྲོད་འབད་མི་ ཚོགས་ཁང་དེ་གིས་ མི་དབང་མངའ་བདག་རྒྱལ་པོ་མཆོག་ལུ་ ཕུལ་དགོ་ཟེར་ཨིན་པས།
དོན་ཚན་དེ་དང་འཁྲིལ་བ་ཅིན་ མཇུག་གི་ཚོགས་ཐེངས་ནང་ ནང་འཁོད་རྩུབ་སྤྱོད་བཀག་འཛིན་དཔྱད་ཡིག་དང་ ལམ་གྱི་དཔྱད་ཡིག་དེ་ ཚོགས་སྡེ་ནང་ འཐུས་མིའི་གྱངས་ཁ་མ་ཚང་པར་ གསུང་གྲོས་གནང་མ་ཚུགས་པ་ཅིན་ དཔྱད་ཡིག་དེ་ཚུ་ ཚོགས་སྡེ་ལས་ ཆ་འཇོག་གྲུབ་སྦེ་ བརྩི་འཇོག་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ད་རུང་ དཔྱད་ཡིག་དག་པ་ཅིག་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་དགོཔ་ཡོདཔ་ད་ ཚོགས་སྡེའི་འཐུས་མི་གི་ གྱངས་ཁ་མ་ཚང་པའི་བསྒང་ལས་ སྤྱི་ཚོགས་ལྷན་བཞུགས་གནང་རུང་ ཚོགས་སྡེ་མེདཔ་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ལྷན་བཞུགས་ནང་ ཚོགས་སྡེའི་གནས་ཚད་དང་མ་ལྡན་པར་ ཚོགས་སྡེ་མེདཔ་སྦེ་ སོང་བའི་བསྒང་ལས་ ལྷན་བཞུགས་ཐོག་ གསུང་གྲོས་གནང་དགོཔ་ཡོད་མི་ དཔྱད་ཡིག་ཚུ་ ཆ་མེད་འགྱོ་ནི་ལས་ གཞན་འོས་འབབ་མི་མཐོང་པས་ཟེར་ ཚོགས་སྡེའི་འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
འབྲུག་གི་ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ གློ་བུར་གྱི་ ཚོགས་རིམ་འཚོགས་དགོཔ་ འཐོན་ན་མ་གཏོགས་ དེ་མིན་ ལོ་༥ ནང་ ལོ་བསྟར་ཚོགས་ཐེངས་༢ རེ་འཚོགས་ཏེ་ སྤྱི་ཚོགས་ཀྱི་ གནས་ཡུན་མཇུག་བསྡུཝ་ད་ ཚོགས་ཐེངས་༡༠ ངེས་པར་དུ་ འཚོགས་དགོཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment